༧གོང་ས་མཆོག་གིས་རྡ་སར་ཆོས་འབྲེལ་གསུང་ཆོས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་འདུག

2011-12-19
Share

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་པར་གཞིགས་ན་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚས་༡༩ནས་༢༡བར་མགོན་པོ་གང་ཉིད་ཀྱིས་རྡ་ས་ཐེག་ ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྗེ་ཙོང་པ་ཁ་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་དང་ དགེ་བཤེས་གླང་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་ཅིང་ 
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ནང་ཆོས་ངོ་སྤྲོད་དང་སྦྲགས་བཀའ་སློབ་སྩལ་བའི་ནང་ དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུའི་ཆེད་དུ་བྱས་པའི་གདུལ་བྱ་གཙོ་བོ་ཨུ་རུ་སའི་ཁོངས་ཀྱི་ཕ་མེས་ནས་ནང་པ་ཡིན་མཁན་དང་ནང་པའི་ནང་ནས་བོད་ཀྱི་ནང་ཆོས་བྱེད་མཁན་བུ་ར་ཡ་དང་ ཁལ་མུཀ་ ཐུ་ལྦ་སོགས་དང་ དེ་ཞིན་བོད་ནས་གསར་དུ་འབྱོར་བ་ཡང་མང་པོ་ཞིག་འདུག ཁྱེད་རང་ཚོ་ཡང་གདུལ་བྱ་གཙོ་བོ་ལྟ་བུ་ཡིན་ གང་ཡིན་ཟེ་ན་ ཁྱེད་རང་ཚོ་སྡོད་ས་རང་གི་ལུང་པར་བསྡད་ཡོད་ཀྱང་རང་དབང་མེད་པ་དང་ རང་དབང་མེད་པ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་ལ་དད་པ་དང་དགའ་ཞེན་བྱས་ན་ ཕྲན་བུ་མ་འགྲིག་ལྟ་བུ་དང་ གང་ལྟར་བོད་པ་ཞིག་གིས་རྒྱ་མིའི་ཞེན་ཁོག་བྱེད་དགོས་པ་ལྟ་བུ་ལས་ བོད་པ་རང་ཉིད་ཀྱི་དགའ་ཞེན་བྱས་ན་་མི་འགྲིག་ལྟ་བུ་ཞིག་སྐབས་རེ་ཡོད་བཞིན་འདུག   ༡༩༥༩ལོའི་གོང་ བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཆ་ཚང་ནང་དངོས་གནས་དྲང་གནས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཡོད་པ་དེ་དག་ཆ་ཚང་རྫོགས་ནས་རེ་ཟུང་ལྷག་ཡོད་པ་དེ་དག་ཀྱང་ཉེ་ཆར་རྫོགས་ནས་ཆོས་གཞན་ལ་འགྲེལ་བཤད་བརྒྱབ་ནས་ཤོད་ཐུབ་མཁན་ཕལ་ཆེར་དཀོན་པོ་ཆགས་འདུག ཆོས་འགྲེལ་བྱེད་པར་ཕྱིན་ན་ཡང་ ས་ཁུལ་མ་ཆེ་བར་དམ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད་   དེར་བརྟེན་དེ་རིང་རྒྱ་གར་ལ་འབྱོར་ནས་ནང་ཆོས་ཞེས་པ་དེ་ངོ་ཐོག་གང་འདྲ་ཞིག་ཡིན་པ་ཐོས་རྒྱུའི་གོ་སྐབས་ཤིག་ཐོབ་ཡོད་པས་ ཁྱེད་རང་ཚོས་འདིར་གཟབ་ནན་ཐོག་ནས་ཉན་རོགས་ཟེར་རྒྱུ་ཡིན་ཞེས་བཀའ་གནང་བ་དང་ ༧གོང་ས་མཆོག་ནས་སངས་རྒྱས་པའི་ཆོས་ཞེས་པ་དེ་དད་པ་དང་སྨོན་ལམ་རྒྱག་རྒྱུ་གཅིག་པུ་མིན་པར་ སོ་སོ་རང་ཉིད་ཀྱི་སེམས་རྒྱུད་་ལ་བསྒྱུར་བ་བཏང་བའི་ཐོག་ནས་མི་ཡ་རབས་བཟོ་རྒྱུ་ཞིག་དང་ ཡ་རབས་སྤྱི་བཟང་བྱས་ན་ རང་ཉིད་ཡིན་་རུང་སྐྱིད་པ་དང་ རང་ཉིད་གང་དུ་ཡོདཔའི་ས་ཁུལ་དེར་ཡིན་རུང་བདེ་སྐྱིད་དང་བྱམས་བརྩེའི་འཚོ་བ་ཡོང་རྒྱུ་གཙོ་བོ་རེད་ ཆོས་ཞེས་པ་དེ་ལོ་རྒྱུས་ཉན་པ་ལྟ་བུ་མིན་ ཆོས་དེ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་ཡིན་སྟབས་ ཡང་ཡང་ཐོས་པ་དང་ཐོས་རིམ་བཞིན་སེམས་ལ་བརྟག་དཔྱད་བྱས་ནས་བསམ་བློ་བཏང་ན་ སེམས་ལ་ཡར་རྒྱས་འགྲོ་རྒྱུ་དང་རིག་པ་གསར་པ་རྙེད་རྒྱུ་ དེ་བཞིན་ངེས་པ་བརྟན་དུ་འགྲོ་རྒྱུའི་ཕན་ཐོགས་ཡོད་པ་སོགས་བླང་དོར་གྱི་བཀའ་སློབ་སྩལ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།