༸གོང་ས་མཆོག་གིས་དཀར་སྐྱོང་གིས་མི་ཚེ་སྐྱེལ་སྟངས་དར་སྤེལ་དགོས་པའི་ལམ་སྟོན་གནང་འདུག

2021.07.02
Share on WhatsApp
Share on WhatsApp
༸གོང་ས་མཆོག་གིས་དཀར་སྐྱོང་གིས་མི་ཚེ་སྐྱེལ་སྟངས་དར་སྤེལ་དགོས་པའི་ལམ་སྟོན་གནང་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་།

སྤྱི་ཟླ་༧ཚེས་༡ནས་༦བར་ཨ་རིའི་ནང་དྲ་ལམ་བརྒྱུད།ཞི་བདེ་སྔར་སོར་ཆུད་ཐབས་སུ་གཅེར་བུ་པའི་ཆོས་ལུགས་ཟེར་བའི་བརྗོད་གཞིའི་ཐོག།རྒྱལ་སྤྱིའི་རང་བཞིན་གྱི་ལྷན་ཚོགས་ཤིག་གནང་བཞིན་པར་ཚོགས་མགོན་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་ལྟར།སྤྱི་ཟླ་༧ཚེས་༡ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད།གཅེར་བུ་པའི་རྗེས་འཇུག་དང་ལྷན་ཚོགས་དེ་ལ་མཉམ་ཞུགས་ཀྱི་དཔོན་རིགས་དང་མཁས་པ་སོགས་ལ་ལམ་སྟོན་གནང་སྐབས།ཇེན་ནམ་གཅེར་བུ་པའི་ཆོས་ལུགས་པ་ཚོར་འཚེ་བ་མེད་པའི་ཉམས་ལེན་དར་སྲོལ་ཆེན་པོ་ཡོད་པས།འཚེ་བ་མེད་པའི་ལམ་ནས་དཀར་ཟས་རིང་ལུགས་སྤེལ་ཐབས་གནང་དགོས་པའི་སྐུལ་མ་གནང་འདུག

དེང་སང་གི་འཛམ་གླིང་འདིར་བ་གླང་གསོ་ཚགས་ཁང་དང་བྱ་གསོ་ཁང་།ཉ་གསོ་ཁང་སོགས་ནི།མི་ཚོས་སྙིང་རྗེ་མེད་པའི་ལམ་ནས་འཚོ་བ་སྐྱེལ་བཞིན་གང་བྱུང་དུད་འགྲོ་སེམས་ཅན་ལ་མནར་གཅོད་བཏང་བའི་དོན་དངོས་ཤིག་མཐོང་གི་འདུག་ཅིང་།ཕྱོགས་མཚུངས་བ་གླང་གསོ་ཚགས་ཁང་དང་བྱ་གསོ་ཁང་ནི་སྐྱེ་ཁམས་ཁོར་ཡུག་ལའང་གནོད་ཚབས་ཆེན་པོ་ཡིན་པས།ང་ཚོས་འཚེ་བ་མེད་པའི་ལམ་ནས་དཀར་སྐྱོང་གིས་མི་ཚེ་སྐྱེལ་སྟངས་དར་སྤེལ་གཏོང་ཐུབ་པ་ཞིག་དང་།ངོས་ནས་དམིགས་བསལ་ཡོ་རོབ་དང་ཨ་མི་རི་ཀའི་བ་གླང་གསོ་ཚགས་ཁང་ཁ་ཤས་ཀྱི་གནས་སྟངས་གོ་ཐོས་སྐབས་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་དང་སྐྱེ་ཁམས་ལའང་གནོད་པར་བརྟེན།ང་ཚོས་དཀར་ཟས་རིང་ལུགས་དྲིལ་བསྒྲགས་བྱེད་དགོས་ངེས་ཤིག་དང་།རྒྱ་གར་དུ་ང་ཚོའི་དགོན་སྡེ་ཁག་ཚང་མའི་སྤྱི་ཐབ་ཏུ་དམར་ཟས་སྤང་ཡོད་ནའང་།མི་སྒེར་བ་ནི་རང་རང་སོ་སོའི་འདོད་མོས་ལྟར་འགྲོ་རྒྱུ་རེད་ཅེས་བཀའ་གནང་གི་འདུག

གཅེར་བུ་པའམ་ཇེན་གྱི་ཆོས་ལུགས་ནི་རྒྱ་གར་གྱི་གནའ་རབས་ནས་བརྒྱུད་པའི་སྲོལ་རྒྱུན་ཞིག་ཡིན་པ་དེ།ངེས་པ་དོན་གྱིས་ཧ་ཅང་ངོ་མཚར་ཆེན་པོ་རེད།ཐད་ཀར་འཚེ་བ་མེད་པའི་ལམ་དུ་འཇུག་མཁན་ཞིག་ཡིན་པས་ངོ་མཚར་ཆེན་པོ་ཡིན་པས།ཁྱེད་ཅག་གི་ཚོགས་སྡེ་ནས་དཀར་སྐྱོང་ཚུད་པའི་འཚེ་བ་མེད་པའི་ཉམས་ལེན་རིགས།སྤྱི་ཚོགས་སུ་དར་སྤེལ་གཏོང་བར་ཕན་ནུས་ཆེན་པོ་འདོན་ཐུབ་ངེས་ཡིན་པ་ཧ་ཅང་ཡག་པོ་རེད།ངོས་ལ་གཅེར་བུ་པའི་ཆོས་ཉམས་ལེན་པ་གྲོགས་པོ་མང་པོ་ཡོད་ཅིང་།ཁྱེད་ཅག་གིས་སྤྱི་ཚོགས་ནང་ཞི་བདེ་དང་དཀར་ཟས་བསྟེན་པའི་དཔེར་མཚོན་ཧ་ཅང་ཡག་པོ་སྟོན་ཐུབ་པར་བརྟེན།ཁྱེད་ཚོའི་ཚོགས་སྡེ་ནས་དུས་ནས་དུས་སུ་འཕྲིན་པ་འདི་དང་དེའི་ཡོན་ཏན་བགྲོ་གླེང་གི་ལམ་ནས་སྤེལ་ཐུབ་པར་ཐུགས་རེ་གནང་གི་ཡོད་པ་བཀའ་ཕེབས་ཡོད་ཅིང་།ཉི་མ་དྲུག་རིང་འཚོགས་བཞིན་པའི་གཅེར་བུ་པའི་ཆོས་ཚོགས་དེར།ཨ་རིའི་གྲོས་ཚོགས་འཐུས་མི་འཇོན་ལི་ཝེ་སི་དང་རྒྱ་གར་གྱི་སློབ་དཔོན་གྷོལ་གྷོ་པལ་ངྷ་སི།རྒྱ་གར་གྱི་རྣལ་འབྱོར་པ་གྲགས་ཅན་ས་ཏི་གུ་རུ་སོགས་ཀྱང་ཚོགས་བཅར་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎