༸གོང་ས་མཆོག་ལ་དྭགས་ཁུལ་དུ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།

2022.08.31
༸གོང་ས་མཆོག་ལ་དྭགས་ཁུལ་དུ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་པའི་པར་རིས། ༢༠༢༢།༠༨།༣༡
RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ པའི་ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གྱིས། འདས་པའི་ཟླ་བ་ ༡ དང་ཉིན་གྲངས་ ༡༠ ཙམ་རིང་ཁུལ་དེར་ས་གནས་མི་འདྲ་བ་ ༡༡ ལྷག་གི་ནང་རླབས་ཆེན་གྱི་མཛད་པ་འཕྲིན་ལས་མང་དག་ཅིག་བསྐྱངས་པའི་རྗེས། ཕྱི་ཟླ་ ༨ པའི་ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་སོང་།

དེ་དང་ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས། ཕེབས་བསུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་སྤྱི་འཐུས་ཁག་ཅིག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པར་བཅར་བའི་ཚོགས་མི་རྣམ་པ་སོགས་ཕེབས་བསུར་བཅར་འདུག་པ་མ་ཟད། གནམ་ཐང་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་གྱི་ཕེབས་ལམ་གཡས་ཡོན་དུ་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ། བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་པའི་བྲོ་དང་གླུ་དབྱངས་མཆོད་འབུལ་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་། 

Pic4.jpg

༸གོང་ས་མཆོག་ལ་ཕེབས་བསུར་བཅར་བའི་ལ་དྭགས་ནས་ཡིན་པའི་བུ་མོ་བསྟན་འཛིན་ནམ་མཁའ་ལགས་ཀྱིས། ད་རེས་ལ་དྭགས་ཁུལ་དུ་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་ལ་དྭགས་མི་མང་ཚོར་ཁོང་གི་སེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་རེད་ལ། ལ་དྭགས་མི་མང་ལ་ཁོང་ལས་ལྷག་པར་དད་གུས་བྱེད་ས་གཞན་ཞིག་མེད་པ་འགྲེལ་བརྗོད་གནང་བྱུང་། 

དབྱིན་ཡུལ་ནས་ཡིན་པའི་ཀེ་ཐུ་རན་ལགས་ཀྱིས།  ཁོང་མོ་ལྡི་ལི་ནས་བཞུགས་སྒར་ཕེབས་པའི་སྐབས་མགོན་པོ་གང་ཉིད་མཆོག་དང་གནམ་གྲུ་གཅིག་པ་ཁེལ་འདུག་པས། ༸གོང་ས་མཆོག་དངོས་སུ་མཇལ་ཏེ་ཁོང་གི་སྦྱིན་རླབས་ཐོབ་པ་སྐལ་བ་བཟང་སོང་ཞེས་དགའ་ཚོར་དང་བཅས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་༸གོང་ས་༸སྐྱབས་མགོན་མཆོག་ལ་དྭགས་ཁུལ་དུ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཕྱིར་བཞུགས་སྒར་དུ་ཕེབས་པའི་སྐབས། རྒྱལ་ས་ལྡི་ལི་ཁུལ་དུ་ཉིན་གྲངས་ལྔའི་རིང་སྐུ་བཞུགས་མཛད་པའི་རིང་དེར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་མཇལ་བཅར་ཞུས་འདུག

ཡང་རིང་མིན་ཕྱི་ཟླ་ ༩ པའི་ཚེས་ ༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎