༧གོང་ས་མཆོག་གིས་ཨི་ཊ་ལིའི་ཡུལ་དུ་མཛད་འཕྲིན་སྐོར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་བྱང་ཕྱོགས་གྲོང་ཁྱེར་མི་ལ་ནོར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་འདུག

2012.06.27

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཕྱོགས་ཨི་ཊ་ལི་ཁུལ་གྱི་གྲོང་ཁྱེར་མཱ་ཊེ་རའི་ཉེ་འདབས་སུ་ལྕམ་སྦེ་ཀྲི་ལྦི་ལི་ཡེམ་སི་ གིས་གསར་འཛུགས་གནང་བའི་ཞི་བའི་གྲོང་ལ་འཚམས་གཟིགས་སོགས་ཁུལ་དེའི་ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ བྱང་ཕྱོགས་ཨི་ཊ་ལིའི་གྲོང་ཁྱེར་ མི་ལ་ནོར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་ཅིང༌། གྲོང་ཁྱེར་དེའི་ཚོགས་ཁང་ཆེན་མོའི་ནང་ མི་ལ་ནོ་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཇུ་ལི་ཡ་ནི་པི་ས་པི་ཡ་ ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སྒྲུབ་བསྟུན། ༧གོང་ས་མཆོག་གིས་ མི་ལ་ནོ་གྲོང་སྡེའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་གནང་མཛད་འདུག། ༧གོང་ས་མཆོག་གིས་ཐོག་མར་གྲོང་ཁྱེར་སྤྱི་ཁྱབ་དང༌། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ཆོས་གྲོགས་ཕོ་མོ་བཅས་ལ་འཚམས་འདྲི་ཞུས་གནང་སྟེ། ཁོང་རྣམ་པའི་གོ་སའི་མིང་ནས་འབོད་མ་གནང་བར་ཆོས་གྲོགས་ཕོ་མོ་ཞེས་གསུངས་དགོས་དོན་ནི། གོ་ས་དེ་དག་དུས་ཡུན་ལོ་འགའ་ཤས་རིང་ལས་ཐོབ་རྒྱུ་མིན་པ་དང༌། ཆོས་གྲོགས་ཕོ་མོའི་འདུ་ཤེས་ནི་སྐྱེས་པ་ནས་བཟུང་མ་འཆི་བར་གནས་རྒྱུ་ཡིན་སྐོར་བཀའ་གནང་འདུག། དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན། དེང་སྐབས་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་བཞིན་པ་རྣམས་ཀྱིས་མ་འོངས་པར་ལྟ་ཕྱོགས་དེ་ཧ་ལམ་རེ་བ་མེད་པ་ལྟ་བུ་ཡོད་པ་ངོས་ཀྱིས་གོ་ཐོས་བྱུང༌། ལྟ་སྟངས་དེ་ནི་ནོར་བ་ཞིག་ཡིན་། དུས་རབས་༢༠ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཕྱིན་ཡོད་པར་བརྟེན། རེ་བ་བཟང་ས་ནས་རྒྱག་རྒྱུའི་རྒྱུ་མཚན་མང་པོ་ཡོད་ཅེས་བཀའ་གནང་འདུག།

དེ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཁུལ་དེར་རྟེན་གཞི་གནང་བའི་དགེ་འཕེལ་གླིང་ཆོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་ཅིང༌། སྐབས་དེར་ཆོས་ཚོགས་ཀྱི་དབུ་བླ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་ ཁྲོམ་ཐོག་རིན་པོ་ཆེ་ནས་ ༧གོང་ས་མཆོག་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང་སྦྲགས། ཆོས་ཚོགས་སུ་ནང་ཆོས་ནས་གསུངས་པའི་གྲུབ་མཐའི་རྣམ་གཞག་ལ་སློབ་སྦྱོང་ཞུ་བཞིན་པའི་སྐོར་སྙན་སེང་ཞུས་གནང་བར། མགོན་པོ་གང་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་ གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ནང་ཆོས་ལུགས་་གཞན་གྱི་གྲུབ་མཐར་དོ་སྣང་ཙམ་མིན་པར་སློབ་སྦྱོང་བྱ་རྒྱུའི་གོམས་སྲོལ་ཡོད་པ་དེ་དག་བསྔགས་འོས་སུ་གྱུར་བ་ཞིག་ཡིན་པར་བརྟེན། དེ་ནས་མིག་དཔེ་ལེན་ཐུབ་པ་དགོས་སྐོར་དང༌། གྲུབ་མཐའ་དང་བློ་སྦྱོང་ལ་སྦྱང་བརྩོན་བྱེད་སྐབས་ སེམས་ཀྱི་རྣམ་གཞག་དང་འབྲེལ་བ་ཡོད་པ། གཙོ་བོ་སེམས་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་ཡིན་པར་བརྟེན། བསྒྱུར་བཅོས་གཏོང་ཡུལ་དང་གཏོང་མཁན། བསྒྱུར་བཅོས་གཏོང་ཐབས་བཅས་ཚང་མ་སེམས་རང་ནས་ཡོང་དགོས་པ་སོགས། སེམས་ལ་ཡང་ཡང་དྲན་སྐུལ་གཏོང་ཐུབ་ཚེ་དགེ་མཚན་ཡོད་པའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག། ཉིན་གུང་ལྗགས་སྨིན་གནང་གྲུབ་པ་དང་ཕྱེད་ཡོལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྡལ་ལྦར་མེ་ ཚོགས་ཁང་ཆེན་མོའི་ནང༌། གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གྲངས་༡༥༠༠བརྒལ་བར་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎