༸གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ Shigeru Ishiba མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ།
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠་ཚེས་ ༢ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ Shigeru Ishiba མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པའི་ནང་། ལོ་ཤས་གོང་ངོས་རང་ཉི་ཧོང་དུ་ཡང་སེ་བཅར་རྒྱུའི་གོ་སྐབས་བྱུང་ཞིང་། མི་རྣམས་ནས་ངོས་ཀྱིས་བྱམས་སྙིང་རྗེ་དང་ཆོས་ལུགས་མཐུན་འབྲེལ། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་སོགས་བརྒྱུད་འཛམ་གླིང་འདིའི་ཐོག་གོ་མཚོན་གྱི་དམག་འཁྲུག་མེད་པར་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་ཞབས་འདེགས་སྒྲུབ་བཞིན་པར་ཧ་ཅང་དོ་དབྱིངས་ཆེན་པོ་གནང་གི་འདུག་ཅིང་། ངོས་ནས་ཉི་ཧོང་མི་མང་རྣམས་ཀྱིས་ཉི་ཧོང་དེ་བཞིན་འཛམ་གླིང་འདིའི་ཐོག་གི་ཆེས་ཡར་ཐོན་ཅན་གྱི་རྒྱབ་ཁབ་ཞིག་ཏུ་འཛུགས་སྐྲུན་ཐུབ་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། ཉི་ཧོང་རྒྱལ་ཁབ་ཀྱི་ཆོས་ཕྱོགས་ཀྱི་རིག་གཞུང་དེས་འཛམ་གླིང་འདིའི་ཐོག་ཞི་བདེའི་རིན་ཐང་བསྐྲུན་ཡོད་པས། ངོས་ནས་སྲིད་བློན་མཆོག་གི་ལས་ཡུན་རིང་ཞི་བདེ་རྒྱུན་འཁྱོང་ཐུབ་པའི་རེ་བ་དང་། ལྷག་པར་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་ངེས་གཏན་མེད་པ་དང་ཟིང་ཆ་ཆེ་བའི་གནས་སྟངས་ཤིག་འབྱུང་བཞིན་ཡོད་པས། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་དཀའ་ངལ་རྣམས་སེལ་ཐབས་སུ་མཉམ་རུབ་ཀྱི་འབད་བརྩོན་ལྷོད་མེད་གནང་གལ་ཤིན་ཏུ་ཆེ་བ་ཡིན། ཞེས་གསུངས་འདུག
མཐའ་མཇུག་ཏུ་༸གོང་ས་མཆོག་གིས། སྲིད་བློན་མཆོག་གིས་ཕྱག་ལས་གནང་བའི་དུས་ཡུན་རིང་ཉི་ཧོང་མི་མང་གི་མངོན་འདོད་དང་ལྷག་པར་འཛམ་གླིང་ཐོག་ཞི་བདེ་དང་བྱམས་བརྩེ་བསྐྲུན་ཆེད་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས་གནང་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།