འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་ནང་སེམས་ཀྱི་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ།


2018.12.08
འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་ནང་སེམས་ཀྱི་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ། ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Siri Fort ཚོགས་ཁང་ནང་དུ་སྐུ་ཞབས་Yuvraj Krishan་དམ་པ་དེ་ཉིད་ཀྱི་རྗེས་དྲན་ཚོགས་འཛོམས་ཐོག་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། སངས་རྒྱས་རྒྱ་མཚོ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Siri Fort ཚོགས་ཁང་ནང་དུ་སྐུ་ཞབས་Yuvraj Krishan་དམ་པ་དེ་ཉིད་ཀྱི་རྗེས་དྲན་ཚོགས་འཛོམས་ཐོག་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་ནང་སེམས་ཀྱི་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་འདུག
སྤྱི་ཟླ་༡༢་ཚེས་༨་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Siri Fort ཚོགས་ཁང་ནང་དུ་སྐུ་ཞབས་Yuvraj Krishan་དམ་པ་དེ་ཉིད་ཀྱི་རྗེས་དྲན་ཚོགས་འཛོམས་སྐབས་ཐོག་མར་ལས་རིམ་ངོ་སྤྲོད་གནང་མཁན་གྱིས་སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༧གོང་ས་མཆོག་དང་སྐུ་ཞབས་Yuvraj Krishan་གཉིས་ཀྱི་འབྲེལ་ལམ་གྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་།   དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་བའི་ནང་།   སྤྱི་ལོ་༡༩༥༩་ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དྲག་གནོན་བྱས་པའི་ཛ་དྲག་གི་གནས་སྟངས་འོག་ཏུ་༧གོང་ས་མཆོག་སྐུ་འཁོར་དང་བཅས་པ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་སྐབས་དེར་རྒྱ་གར་གྱི་ས་ཐོག་ཏུ་ཕེབས་པའི་སྐབས་སུ། ༧གོང་ས་མཆོག་གི་ཐུགས་ལ་སྐུ་ཚེ་གསར་བ་ཞིག་འགོ་བརྩམས་པའི་ཚོར་བ་བྱུང་གནང་བ་བཀའ་བསྩལ་ནས་མགོན་པོ་གང་ཉིད་དགུང་གྲངས་དྲུག་ཅུའི་རིང་རྒྱ་གར་ལ་བཞུགས་ནས་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་བ་དང་། རྒྱ་གར་དང་བོད་གཉིས་ནི་ལོ་ངོ་ཆིག་སྟོང་ལྷག་གི་གོང་ནས་འབྲེལ་ལམ་ཟབ་མོ་ཡོད་པ་དེ་དུས་རབས་བདུན་པ་དང་བརྒྱད་པའི་ནང་དུ་བོད་ཀྱི་རྒྱལ་པོས་རྒྱ་གར་གྱི་ཡིག་རིགས་ལ་བརྟེན་ནས་བོད་ཡིག་བཟོས་གནང་བ་དང་དཔལ་ན་ལེན་དྲའི་མཁས་པ་མཁན་ཆེན་བོ་དྷི་སྭཏ་བ་བོད་ལ་གདན་འདྲེན་ཞུས་ཏེ་ན་ལེན་དྲའི་ཆོས་རྒྱུད་བོད་ལ་དར་སྤེལ་བྱུང་སྟེ་རྒྱ་གར་དང་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་བྱུང་ཡོད་པ་མ་ཟད།    བོད་མི་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན། བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གསར་འཛུགས་དང་དགོན་སྡེ་ཁག་བསྐྱར་གསོ་བྱས་ཐུབ་པ་བྱུང་ནས། བོད་མིའི་མཐུན་མོངས་མ་ཡིན་པའི་རིག་གཞུང་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དག་རྒྱུན་འཛིན་ཐུབ་པ་བྱུང་ཡོད་པའི་ཁར།   དེ་བཞིན་དུ་སེམས་ཁམས་སྐོར་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་མིའི་རིགས་ཀྱི་སེམས་རྒྱུད་ལ་ཞི་བདེ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག  ༧གོང་ས་མཆོག་གི་ཐུགས་སྐྱེས་དམ་བཅའ་གཙོ་བོ་ནི་རྒྱ་གར་ཀྱི་གནའ་བོའི་སེམས་ཁམས་སྐོར་གྱི་རིག་གཞུང་དེ་དེང་དུས་ཀྱི་རྒྱ་གར་ནང་བསྐྱར་གསོ་ཡོང་བར་འབད་བརྩོན་གནང་གི་ཡོད་པ་མ་ཟད།  རྒྱ་གར་ནི་འཛམ་གླིང་ནང་དུ་དེང་རབས་དང་གནའ་རབས་གཉིས་ཀྱི་རིག་གཞུང་ཟུང་འབྲེལ་བྱེད་ཐུབ་པའི་རྒྱལ་ཁབ་ཁོ་ན་དེ་ཡིན་པ་དང་། ཕྱི་དངོས་པོའི་རིག་གཞུང་དང་ནང་སེམས་ཀྱི་རིག་པ་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ལམ་དེས་འཛམ་གླིང་མི་མང་ལ་ཕན་ཐོགས་དང་ཞི་བདེ་ཡོང་བར་གང་ཉིད་ཀྱིས་ཡིད་ཆེས་གནང་གི་ཡོད་ཅེས་བཀའ་བསྩལ་གནང་མཛད་འདུག།
གསར་འགོད་པ་འཆི་མེད་དང་སངས་རྒྱས་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎