༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་རིགས་དང་ལྷོ་ཀོ་རི་ཡ་སོགས་ཀྱི་དད་ལྡན་པར་མཇལ་ཁ་བསྩལ་གནང་མཛད་ཡོད་པ།

2022.06.11
Share on WhatsApp
Share on WhatsApp
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་རིགས་དང་ལྷོ་ཀོ་རི་ཡ་སོགས་ཀྱི་དད་ལྡན་པར་མཇལ་ཁ་བསྩལ་གནང་མཛད་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང་།

བཞུགས་སྒར་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཟླ་༦པའི་ཚེས་༡༡ཉིན་དམིགས་བསལ་མཇལ་ཁའི་སྐབས་དང་བསྟུན། རྒྱ་གར་དཔོན་རིགས་ཁག་ཅིག་དང་། བོད་མི་དང་། སོག་རིགས་དང་། ལྷོ་ཀོ་རི་ཡ་བཅས་ཀྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་མཛད་པ་དང་ཆབས་ཅིག སྐབས་དོན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཀྱང་བསྩལ་གནང་མཛད་ཡོད་པ་དང་། སོག་རིགས་མཇལ་ཁ་ཞུས་མཁན་རྣམས་ཀྱི་གསུང་བསྒྱུར་གནང་མཁན་བསྟན་འཛིན་ལེགས་སྨོན་ལགས་ཀྱིས་གསུངས་ན། སོག་པོ་མང་ཆེ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུ་ལ་དོ་སྣང་དང་། དངོས་སུ་གསུང་ཆོས་དང་མཇལ་ཁ་ཞུས་ནས་ཁོང་ཚོའི་སེམས་ནང་འགྱུར་བ་ཤུགས་ཆེ་ཐེབས་ཀྱི་ཡོད་པ་མ་ཟད། ད་ལྟ་འདིར་ཕེབས་པའི་སོག་པོ་རྣམས་༧རྒྱལ་བ་རིན་པོ་ཆེར་དངོས་སུ་མཇལ་ཏེ་སྤྲོ་སྣང་དང་དད་པའི་དབང་གིས་མིག་ཆུ་ཤོར་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་ལྷོ་ཀོ་རི་ཡའི་མི་རིགས་ཁག་ཅིག་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད་མགོན་པོ་གང་ཉིད་ལ་བཀའ་སློབ་ལམ་སྟོན་ཞུས་པའང་བརྙན་འཕྲིན་དུ་ཕབ་བསྐྲུན་གྱིས་ཡུལ་ལུང་དེར་རྒྱང་སྲིང་གནང་འཆར་ཡང་ཡོད་པ་དང་། ཀོ་རི་ཡའི་དགེ་སློང་ཆིན་ཨོག་ལགས་ཀྱིས་ལོ་མང་གོང་ནས་༧རྒྱལ་བ་རིན་པོ་ཆེ་བླ་མར་བསྟེན་ཏེ་ཆོས་འབྲེལ་ཞུ་བཞིན་ཡོད་པ་དང་། ད་ལན་༧གོང་ས་མཆོག་གིས་བྱང་སེམས་དང་སྤྱོད་འཇུག་ལ་དོ་སྣང་བྱེད་དགོས་པའི་ལམ་སྟོན་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ལྷོ་ཀོ་རི་ཡའི་མཇལ་ཁ་ཞུ་མཁན་ཝོས་ཡང་ཁེམ་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་ཞི་འཇམ་སོང་བའི་ལོ་ཤས་རྗེས་སུ། ཡང་བསྐྱར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་བ་དང་། ༧གོང་ས་མཆོག་གི་ལམ་སྟོན་ཁག་གཞོན་སྐྱེས་ཚོར་དགོས་མཁོ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎