༸གོང་ས་མཆོག་ནས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས།

༸གོང་ས་མཆོག་ནས་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་དུ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

2010-10-24
Share

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༢ནས་ཨ་མི་རི་ཀ་དང་ཁེ་ན་ཌའི་ཁུལ་དུ་མཛད་འཕྲིན་བསྐྱང་བཞིན་པ་ལྟར། དེ་རིང་རེས་གཟའ་ཉི་མའི་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་དུ་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༢ནས་༡༥བར་ཐོག་མར་ཨ་མི་རི་ཀའི་མངའ་སྟེ་ཁེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཧོ་སེ་དང་སི་ཀྲེན་ཕོདྲ་གཙུག་ལག་སློབ་གྲའི་མཛད་འཆར་གྲུབ་པའི་རྗེས། ཕྱི་ཚེས་༡༧ནས་༡༩བར་ཨ་མི་རི་ཀའི་མངའ་སྡེ་ཇོར་ཇེ་ཡའི་ནང་དུ་ཉིན་གསུམ་རིང་མཛད་འཆར་བསྐྱང་གནང་བ་དང༌། དེ་རྗེས་ཕྱི་ཚེས་༢༠ནས་༢༡བར་ཨ་རིའི་ཨོ་ཧེའོ་མངའ་སྡེའི་སིན་སི་ན་ཊའི་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་རང་དབང་ཚོགས་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་དེད་དཔོན་ཆེན་པོ་ཞེས་པའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་བཞེས་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་བ་དང༌། མེ་ཡ་མི་མཐོ་སློབ་ཁང་དུ་འགྲོ་བ་མིའི་བཟང་སྤྱོད་ཞེས་པའི་བཀའ་སློབ་རྩལ་གནང་ཡོད་པ་རེད། དེ་ནས་ཕྱི་ཚེས་༢༢ནས་༢༥བར་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་དུ་མཛད་འཕྲིན་བསྐྱང་གནང་བཞིན་པ་ལྟར། ཕྱི་ཚེས་༢༢ཉིན་ཀྲོ་རན་ཀྲོ་མཐོ་སློབ་ཁང་དུ་ཚན་རིག་གི་ཤེས་བྱ་དང༌། ནང་པའི་ལྟ་གྲུབ་སོགས་ཀྱི་སྐོར་ལ་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་བ་དང༌། མཛམ་གླིང་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་བ། ཕྱི་ཚེས་༢༣ཉིན་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་ཡོད་པ་རེད། དེ་རིང་ཕྱི་ཚེས་༢༤རེས་གཟའ་ཉི་མའི་ཉིན་གྲོང་ཁྱེར་ཀྲོ་རན་ཀྲོ་དང་བོད་ཀྱི་རིག་གཞུང་ལྟི་གནས་ཁང་གཉིས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན།དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་རྒྱུ་ཡིན་ཞིང༌། དེ་རྗེས་ཕྱི་ཟླ་༡༡པའི་ཚེས་༢༠ ནས་༢༤བར་ཉིན་གྲངས་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐོང་ཚོགས་གནང་རྒྱུའི་སེམས་དང་སྲོག་གི་ཚན་རིག་ཚོགས་འདུ་ཐེངས་༢༢ ཐོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་བརྟེན་ནས་མིའི་སེམས་རྒྱུད་དང་གཤིས་སྤྱོད་ལ་ཕན་གནོད་བྱིན་ཚུལ་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཐོག་ལ་བགྲོ་གླེང་གནང་རྒྱུ་དང༌། དེ་རྗེས་ཕྱི་ཚེས་༣༠ནས་ཕྱི་ཟླ་༡༢པའི་ཚེས་༢བར་ཉིན་གསུམ་རིང༌། ཨུ་རུ་སུའི་དད་ལྡན་ནང་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང༌། གསང་བ་འདུས་པའི་བཀའ་དབང་སྩལ་གནང་རྒྱུའི་ཆོས་འབྲེལ་གྱི་མཛད་འཆར་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།