དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར།

2016-05-21
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་དུ་གོམ་བགྲོད་དུ་ཕེབས་མཁན་ཐཡེ་ལེནཌ་གྱི་དགེ་འདུན་པ་རྣམས་དང་ལྷན་དུ་གོམ་བགྲོད་ལས་འགུལ་དེའི་དབུ་འབྱེད་བསྐྱངས་གནང་མཛད་ཡོད་པ།
བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་དུ་གོམ་བགྲོད་དུ་ཕེབས་མཁན་ཐཡེ་ལེནཌ་གྱི་དགེ་འདུན་པ་རྣམས་དང་ལྷན་དུ་གོམ་བགྲོད་ལས་འགུལ་དེའི་དབུ་འབྱེད་བསྐྱངས་གནང་མཛད་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཨོ་རྒྱན་བསྟན་འཛིན།

༄༅། །དེ་རིང་ས་ག་ཟླ་བའི་ཚེས་ ༡༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལོ་རེའི་རྡུལ་མཚོན་དཀྱིལ་འཁོར་དང་འབྲེལ་བའི་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་པ་དང་། ཚོགས་མགོན་དུ་ཆིབས་བསྒྱུར་མ་གནང་གོང་བཞུགས་སྒར་རྡ་རམ་ས་ལར་བཅར་བཞིན་པ་རྡ་རམ་ས་ལ་ནས་ལ་དྭགས་བར་འཛམ་གླིང་ཞི་བདེའི་སླད་གོམ་བགྲོད་དུ་ཕེབས་མཁན་ཐཡེ་ལེནཌ་གྱི་དགེ་འདུན་པ་རྣམས་དང་ལྷན་དུ་གོམ་བགྲོད་ལས་འགུལ་དེའི་དབུ་འབྱེད་ཀྱང་བསྐྱངས་གནང་མཛད་ཡོད་པ་རེད།
ལོ་ལྟར་བོད་ཟླ་བཞི་པའི་ནང་གམས་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་ཏེ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོ་ཉིན་ལྔའི་རིང་སྔར་ལུགས་ཀྱི་ཕྱག་བཞེས་ལྟར་ཚོགས་གནང་བཞིན་ཡོད་པ་རེད། དེ་རིང་ས་ག་ཟླ་བའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཐཡེ་ལེནཌ་ནས་ཆེད་དུ་ཕེབས་པའི་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་བཞི་བཅུ་ཞེ་ལྔ་ཙམ་ཡོད་པ་དེ་དག་ཀྱང་སྒྲུབ་མཆོད་ཆེན་མོའི་ཚོགས་གྲལ་དུ་ཕེབས་འདུག།
ཁ་སང་ཕྱི་ཚེས་ ༢༠ ཐམ་པའི་ཉིན་གནས་བརྟན་སྡེ་པའི་དགེ་འདུན་པ་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དགུང་ཚིགས་གསོལ་སྟོན་ཡང་གནང་ཡོད་པ་རེད།  
འདས་པའི་ལོ་ཤས་ནང་སི་རི་ལངྐ་དང་ཐཡེ་ལེནཌ། མིཡན་མར་སོགས་ཀྱི་དགེ་འདུན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་མཁན་དང་གསུང་ཆོས་སྐབས་བཅར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་པཱ་ལི་སྐད་ཡིག་གཙོར་བཟུང་གནང་མཁན་གྱི་ནང་པ་རྣམ་ནི་ལེགས་སྦྱར་སྐད་ཡིག་གཙོར་བཟུང་གནང་མཁན་ཐེག་ཆེན་ནང་པ་ཚོ་ལས་བསླབ་པ་རྒན་པ་ཡིན་སྟབས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པའི་གནས་བབས་ཀྱི་ཐོག་ནས་གུས་བརྩི་ཆེན་པོ་གནང་གི་ཡོད་པར་མ་ཟད།  བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་པའི་ཆ་ནས་ནང་པ་ཕན་ཚུན་ཐུགས་མཐུན་དམ་ཚིགས་འོ་ཆུ་གཅིག་འབྲེལ་ལྟ་བུ་དགོས་ངེས་ཆེ་བའི་སྐོར་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།