ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་སེམས་པ་བཟང་པོ་བྱ་གལ་ཆེ་ཞེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ།

2022.11.25
ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་སེམས་པ་བཟང་པོ་བྱ་གལ་ཆེ་ཞེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་གལ་ཆེ་རེད་ཅེས་བཀའ་གནང་ཡོད་པ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་བརྒྱ་དང་ཉི་ཤུ་ལྷག་ལ་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་ཉིན་གཉིས་རིང་གནང་བཞིན་པ་དང་། བཀའ་ཆོས་ཉིན་དང་པོ་སྟེ་ཟླ་ ༡༡ ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ཟེར་བ་དེ་མཐར་གཏུགས་ན་སེམས་རྒྱུད་འདུལ་དགོས་པའི་སྟེང་བབ་དགོས་པས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་སེམས་པ་བཟང་པོ་བྱ་དགོས་པ་རེད་ཅེས་བཀའ་བསྩལ་གནང་མཛད་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་བསྩལ་དོན། ཀོ་རི་ཡ་རྒྱལ་ཁབ་ནི་ཕ་མེས་ནས་ནང་ཆོས་བྱས་ཏེ་དོ་སྣང་ཆེན་པོ་ཡོད་བསྡད་པ་ཞིག་ཡིན་པ་དང་། ངོས་རང་བར་སྐབས་ནས་ལྷོ་ཀོ་རི་ཡའི་མི་རིགས་ཚོར་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་ཅིང་། ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་པ་ཧ་ཅང་ཡག་པོ་རེད་ཅེས་ཐུགས་དགྱེས་ཚོར་དང་བཅས་ཏེ་ཀོ་རི་ཡའི་གདུལ་བྱ་ཚོར་དམིགས་བསལ་འཚམས་འདྲི་མཛད་གནད་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་། སེམས་བཟང་པོ་དང་རང་གཞན་གཉིས་ཀ་སྐྱིད་པོ་ཡོང་བར་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་ལ། འཛམ་གླིང་གི་མི་ཚོས་དེ་འདྲའི་བསམ་བློ་གཏོང་རྒྱུ་གང་ཙམ་རན་འཚམས་ཡོད་པར་བརྟེན། ང་ཚོ་ནང་པའི་གཞུང་ལས་གསུང་པའི་བསླབ་བྱ་ཁག་གིས་ཧ་ཅང་ཕན་ཐོགས་འདུག ནང་པའི་གཞུང་འདི་ཆོས་ཁས་ལེན་མཁན་ཚོར་སྡེ་ཚན་གཅིག་ཏུ་ཕར་བཞག་ནས། ཆོས་ཁས་མི་ལེན་པ་ཚོར་ཡང་རང་བཞིན་གྱི་སེམས་ཁམས་རིག་པ་དང་། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་འགྲོ་དགོས་པ་རེད་ཅེས་བཀའ་ཕེབས་ཡོད་པ་རེད།
ཡང་མགོན་པོ་༧གང་ཉིད་ཀྱིས་སེམས་བསྐྱེད་ལ་བརྟེན་ནས་ལུས་བདེ་སེམས་སྐྱིད་དང་སེམས་ཀྱི་གཏིང་ནས་སྙིང་སྟོབས་འཕེལ་བ། རང་གཞན་དོན་གཉིས་འགྲུབ་པར་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པ་ཞིག་མེད་པ་རེད་ཅེས་དང་། གཞན་ཡང་དཔལ་ནཱལེཎྜའི་མཁས་པ་ཚོ་མགོན་པོ་ཀླུ་སྒྲུབ་ཀྱིས་ཟབ་པ་དང་རྒྱ་ཆེའི་རིག་པའི་ལམ་ནས་གཏན་ལ་ཕབ་པའི་རྗེས་སུ་འབྲང་གི་ཡོད་པར་བརྟེན། ང་ཚོས་དཔེ་ཆ་སྔས་མགོ་ལ་བཞག་སྟེ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དུས་ནས་དུས་སུ་ཀློག་དགོས་པ་དང་། དེ་བཞིན་རིན་ཆེན་ཕྲེང་བ་དང་དབུ་མ་འཇུག་པ་ཀློག་དགོས་པ། ངོས་རང་སྒེར་ལའང་དེས་ཕན་ཐོགས་ཆེན་པོ་འབྱུང་གི་འདུག་ཅེས་བཀའ་བསྩལ་གནང་འདུག གཞན་ཡང་ཉེ་ལམ་ལྷོ་ཀོ་རི་ཡའི་ནང་མི་མང་གིས་འཚང་ཀ་ཤུགས་ཆེར་ཐེབས་ཏེ་མི་གྲངས་བརྒྱ་ལྷག་རྐྱེན་འདས་སུ་གྱུར་པར། སྐབས་ཐོག་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་མི་མང་ཚོར་ཐུགས་གསོའི་གསུང་འཕྲིན་ཀྱང་བསྩལ་གནང་མཛད་ཡོད་པ་རེད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བར། འཛམ་གླིང་ཡུལ་གྲུ་ཁག་ ༣༦ ནས་ཕྱི་ནང་གི་མི་རིགས་ ༤༥༠༠ ལྷག་ཆེད་དུ་བཅར་ཡོད་པ་རེད།།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎