ཨ་རིའི་སྲིད་འཛིན་༤༡པ་དགོངས་པ་རྫོགས་པར་༧གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

2018-12-01
གློག་འཕྲིན།
མཆན།
Share
པར་བཀོད།
༡༩༩༡།༤།༡༦།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་༤༡པ་སྐུ་ཞབས་ཇོརྗ་ཨེཆ་ཌབ་ལུ་བུཤ་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བ།
༡༩༩༡།༤།༡༦།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་༤༡པ་སྐུ་ཞབས་ཇོརྗ་ཨེཆ་ཌབ་ལུ་བུཤ་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བ།
དགའ་ལྡན་ཕོ་བྲང༌།

༄༅། །ཨ་རིའི་སྲིད་འཛིན་༤༡པ་སྐུ་ཞབས་George H.W.Bush མཆོག་གི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གསན་མ་ཐག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྲས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་George Bush མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་འདུག
༧གོང་ས་མཆོག་གི་གསུང་འཕྲིན་ནང་། Bush མཆོག་གི་ཡབ་དགོངས་པ་རྫོགས་པར་༧གོང་ས་མཆོག་ཧ་ཅང་ཐུགས་ཕམ་བྱུང་བ་དང་། དཀའ་ངལ་ཆེ་བའི་དུས་ཚོད་དེར་༧གོང་ས་མཆོག་ནས་Bush མཆོག་དང་སྐུ་འཁོར་ལྟོས་བཅས་ཡོངས་ལ་གདུང་སེམས་ཆེན་པོའི་སྒོ་ནས་ཐུགས་གསོ་ཞུ་བཞིན་ཡོད་ཅེས་དང་། ༧གོང་ས་མཆོག་གིས་དེ་སྔོན་དམ་པ་ཁོང་དང་མཇལ་འཕྲད་གནང་བ་དེ་ནི་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གནང་བ་ཆེས་ཐོག་མ་དེ་ཡིན་པ་དང་། སྐབས་དེར་དམ་པ་ཁོང་གིས་བོད་མི་དང་བོད་ནང་གི་གནས་སྟངས་ལ་ཐུགས་ཁུར་ཆེ་བཞེས་གནང་ཡོད་པ་དེས། ༧གོང་ས་མཆོག་ལ་ཐུགས་འཚོར་གཏིང་གཟབ་བྱུང་བ་བཀའ་གནང་འདུག དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་Bushམཆོག་ལ་གསོལ་བསྩལ་གནང་བའི་གསུང་འཕྲིན་དེའི་ནང་མུ་མཐུད་བཀའ་གནང་དོན། སྤྱིར་ཡབ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ནི་གསབ་ཏུ་མེད་པའི་གྱོང་གུན་ཞིག་ཡིན་ནའང་། དམ་པ་ཁོང་དགུང་གྲངས་ ༩༤ བར་སྐུ་འཚོ་བཞུགས་གནང་བ་ནི་དངོས་གནས་ཡིད་སྨོན་བསྐྱེད་དགོས་པ་ཞིག་ཡིན་པ་མ་ཚད། ཁོང་གིས་སྐུ་ཚེ་ཧྲིལ་པོ་མི་མང་གི་བདེ་དོན་ཆེད་ཕྱག་ལས་གནང་ནས་སྐུ་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་གནང་བར་བརྟེན་ང་ཚོས་དགའ་བ་བསྒོམ་འོས་པ་ཞིག་རེད་ཅེས་བཀའ་གནང་བ་དང་བཅས་མཐའ་དོན་དུ་ཡབ་དམ་པའི་སྲས་སྲིད་འཛིན་Bushམཆོག་ལ། ༧གོང་ས་མཆོག་ནས་ངོས་ཀྱི་མཛའ་ཞིང་བརྩེ་བའི་གྲོགས་པོ་ཞེས་འབོད་གནང་སྟེ། ཁོང་གི་ཡབ་ཡུམ་གཉིས་ནས་Bushཙམ་མ་ཟད། བུ་ཕྲུག་གཞན་ཚོར་ཡང་གཞན་དོན་ཆེད་ཕྱག་ལས་གནང་དགོས་པའི་ལམ་སྟོན་སྐུལ་མ་གནང་བ་དེར་༧གོང་ས་མཆོག་གིས་བསྔགས་བརྗོད་ཆེན་པོ་ཡོད་ཅེས་བཀའ་གནང་འདུག།
སྲིད་འཛིན་བུཤི་མཆོག་གི་ཡབ་བུཤི་བགྲེས་པ་ཡུན་རིང་བསྙུན་མནར་གྱིས་རེས་གཟའ་པ་སངས་ཉིན་Houston དུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་རེད།།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།