གནས་མཆོག་རྡོ་རྗེ་གདན་དུ་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་འཚོགས་གནང་རྒྱུ།

2018-12-18
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༡༢།༡༧།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་གནང་ཡོད་པ།
༢༠༡༨།༡༢།༡༧།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་གནང་ཡོད་པ།
དགའ་ལྡན་ཕོ་བྲང༌།

༄༅། །གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ ཀིརྟི་བྱེས་པ་གྲྭ་ཚང་གི་གོ་སྒྲིག་འོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་མཁས་པའི་བགྲོ་གླེང་ཆེན་མོ་འཚོགས་རྒྱུ་ཡིན་འདུག
བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཉི་མའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་གོང་ས་མཆོག་ནས་མཆོད་རྟེན་ཆེན་མོར་གནས་གཟིགས་དང་འབྲེལ་སྟོན་པའི་སྐུ་བརྙན་མདུན་ཐུགས་སྨོན་གསོལ་འདེབས་གནང་ཡོད་པ་རེད། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་རྒྱུན་རིང་སྐུའི་སྲུང་བྱའི་ཆེད་བྷི་ཧར་མངའ་སྡེའི་རྫོང་སྡེ་ཁག་ཉི་ཤུ་ཙམ་ནས་ཉེན་རྟོག་མི་སྣ་དང་དམག་མི་ ༡༥༠༠ཙམ་དཔུང་འཇོག་བྱས་ནས་ཧ་ཅང་དམ་དྲག་ཆེན་པོ་ཞུ་བཞིན་ཡོད་འདུག་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུང་ལྟར་ན་ འདི་ཚེས་༢༨ནས་༣༡བར་ཉིན་གྲངས་གསུམ་རིང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་ཚད་མ་རྣམ་འགྲེལ་གྱི་བཀའ་འཁྲིད་སོགས་ཆོས་འབྲེལ་བསྩལ་གནང་རྒྱུ་དང་། དེའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་༡༩ཉིན་ གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་ནས་ རྒྱང་ཐག་ཀི་ལོ་མི་ཊར་ ༤ ཙམ་གྱི་སར་ ཀིརྟིའི་བྱེས་པ་གྲྭ་ཚང་ནས་ མ་འོངས་པར་བོད་བརྒྱུད་དཔལ་ནཱ་ལེནྡྲའི་ལྟ་གྲུབ་སློབ་གཉེར་ཁང་གསར་བཞེང་གནང་ཡུལ་ཀིརྟིའི་སྒར་བསམ་ཡས་གླིང་དུ།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྩིག་རྨང་འཇོག་གནང་མཛད་རྒྱུ་དང་ཐུགས་སྨོན་བཀའ་དྲིན་ཆེ་གནང་མཛད་རྒྱུ་དང་འབྲེལ། ཕྱི་ཚེས་༡༩ ནས་༢༡ བར་ཉིན་གྲངས་གསུམ་རིང་ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།