༸གོང་ས་མཆོག་ཁེ་ན་ཌའི་ཁེལ་ག་རི་ཁུལ་དུ་ཆིབས་བསྒྱུར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད།

2009-09-30
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཁུ་ལྦར་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཁེལ་ག་རི་ཁུལ་དུ་ཕེབས་འབྱོར་གྱིས་དེ་ཁུལ་དུ་ཉིན་གཉིས་རིང་གི་མཛད་འཆར་ཡོད་པ་དང་དེ་ཡང་ཁེལ་ག་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དམངས་ཁྲོད་དུ་གསུངས་བཤད་བསྩལ་གནང་རྒྱུ་ཡིན་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་བའི་སྐབས་སུ་ཁེལ་ག་རི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་སྦོ་རོན་ཁོ་ནིཡེར་ལགས་ཀྱིས་ཡུལ་ལུང་གི་མཚན་ཐོངས་ཆེ་བའི་རྒྱ་གར་ཞ་མོ་དཀར་པོ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་གནང་རྒྱུ་ཡིན་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཚོགས་ཆུང་གི་ཚོགས་མི་ཕྱག་མཛོད་ཚང་ལཱིན་ལགས་ཀྱིས་གསུངས་ན་གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་རྒྱ་གར་ཞ་མོ་དཀར་པོ་དེ་༸གོང་ས་མཆོག་ལ་འབུལ་རྒྱུ་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མ་ཡིན་པར་རྒྱ་གར་ཞ་མོ་དཀར་པོ་དེ་༸གོང་ས་མཆོག་ལ་འབུལ་རུང་མ་འབུལ་རུང་སྐུ་ཉིད་ནས་འགྲོ་བ་སེམས་ཅན་ཡོངས་ལ་བྱམས་སྙིང་རྗེ་དང་བརྩེ་བ་ནམ་ཡང་དོར་གནང་གི་མ་རེད་ཅེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་སྤྱི་ལོ་༡༩༨༠ལོར་ཁེལ་ག་རི་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་སུ་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཨེལ་དྲུ་ཨར་ལགས་ནས་༸གོང་ས་མཆོག་སྐབས་དེ་དུས་གཞུང་འབྲེལ་གྱི་ཐོག་ནས་ཆིབས་བསྒྱུར་བསྐྱང་གནང་བ་ཞིག་མ་ཡིན་པའི་རྒྱུ་མཚན་དྲེངས་ནས་རྒྱ་གར་ཞྭ་མོ་དཀར་པོ་དེ་༸གོང་ས་མཆོག་ལ་འབུལ་མ་གནང་བར་དེ་རྗེས་ཕྱི་ལོ་༡༩༩༧ལོར་རྒྱ་ནག་གི་སྲིད་འཛིན་ཅང་ཛ་མིན་གྲོང་ཁྱེར་དེའི་ནང་གཞུང་འབྲེལ་གཟིགས་སྐོར་སྐབས་སུ་རྒྱ་གར་ཞྭ་མོ་དཀར་པོ་དེ་སྐབས་དེར་ཅང་ཛ་མིན་ལ་འབུལ་ཡོད་སྟབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་གནང་ཡོད་པ་རེད། འོན་ཀྱང་ད་རེས་གྲོང་ཁྱེར་སྤྱི་ཁྱབ་སྦོ་རོན་ཁོ་ནི་ཡེར་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩེ་ཆེན་པོ་ཐོག་ནས་ཞྭ་མོ་དཀར་པོ་དེ་འབུལ་བཞེས་གནང་རྒྱུ་དེ་ནི་འོས་ཤིང་འཚམས་པ་ཞིག་རེད་ཅེས་ཁེལ་ག་རི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཀྲིས་ཕུན་ཚོགས་ལགས་ཀྱིས་གསར་འགོད་པར་གསལ་སྟོན་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།