ཨ་རིས་ཧོང་ཀོང་དེ་བཞིན་དམ་དྲག་ཤུགས་ཆེའི་གནས་སྟངས་འོག་ཡོད་པའི་སྙན་ཐོ་བཏོན་ནས་གྲོས་ཚོགས་སུ་ཕུལ་འདུག

2022.11.16
ཨ་རིས་ཧོང་ཀོང་དེ་བཞིན་དམ་དྲག་ཤུགས་ཆེའི་གནས་སྟངས་འོག་ཡོད་པའི་སྙན་ཐོ་བཏོན་ནས་གྲོས་ཚོགས་སུ་ཕུལ་འདུག ཧོང་ཀོང་ནང་གི་ཉེན་རྟོག་པ། ༠༦།༣༠།༢༠༢༢
AFP

འདི་ཚེས་༡༥རེས་གཟའ་མིག་དམར་ཉིན། ཨ་རིའི་(U.S-China Economic and Security Review)་ཞེས་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཞེས་པའི་ཞིབ་འཇུག་ཚན་པས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་། ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་པ་དེ་བཞིན་རྒྱ་ནག་དབུས་གཞུང་གིས་དམིགས་བཀར་བདམས་པ་ཞིག་ཡིན་སྟབས། དེང་སྐབས་ཧོང་ཀོང་གི་ལས་དོན་མཐའ་དག་རྒྱ་ནག་དབུས་གཞུང་གི་བཀོད་བྱུས་དང་སྟངས་འཛིན་དམ་དྲག་འོག་ཚུད་ཡོད་ལ། གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱས་བ་རྣམས་ཀྱང་མིང་ཙམ་ཡིན་པ། རྒྱ་ནག་ནང་བཤད་སྲོལ་ཡོད་པའི་རྒྱལ་གཅེས་མི་སྣ་ཤ་སྟག་ཡིན་པ་རེད་ཅེས། ཧོང་ཀོང་ནང་ཉེ་བའི་ཆར་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་བ་ལག་བསྟར་བྱེད་བཞིན་པ་དང་། དེ་བཞིན་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་བཀག་སྡོམ་བྱེད་རྒྱུའི་སྒྲིག་གཞིའི་མིང་ཐོག་ནས་དམ་དྲག་བྱེད་བཞིན་པའི་གནས་སྟངས་ནི་སྔར་དང་མི་འདྲ་བར་ཧོང་ཀོང་ས་གནས་དེ་བཞིན་དམ་དྲག་ཤུགས་ཆེའི་འོག་ཡོད་པའི་མངའ་ཁུལ་ཞིག་ཏུ་གྱུར་ཡོད་ལུགས་གསལ་བཏོན་བྱས་ཡོད་འདུག
གོང་ཞུས་སྙན་ཐོ་དེའི་ནང་། ཧོང་ཀོང་ནང་དམ་དྲག་གི་སྲིད་བྱུས་འོག་མི་མང་གི་རང་དབང་འཕྲོག་པ་དང་། དམངས་གཙོ་དོན་གཉེར་བ་མང་དག་ཞིག་འཛིན་བཟུང་དོ་དམ་དང་། ཡང་ན་རྒྱལ་ཁབ་གཞན་ལ་བྲོས་བྱོལ་འགྲོ་དགོས་པའི་གནས་ཚུལ་ལུང་འདྲེན་བྱས་པའི་ཁོངས་སུ། སྙན་གྲགས་ཅན་གྱི་ཡེ་ཤུའི་ཆོས་དཔོན་(Cardinal Joseph Zen Ze-kiun)་ཞུ་བ་འཛིན་བཟུང་དོ་དམ་འོག་ཡོད་ལུགས་བཀོད་ཡོད་པ་རེད། འོན་ཀྱང་འདི་ཚེས་༡༥གཟའ་ལྷག་པའི་ཉིན། ཧོང་ཀོང་ས་གནས་སྲིད་གཞུང་གི་མགྲིན་ཚབ་པས། ཨ་རིའི་ཚན་པ་དེས་བཏོན་པའི་སྙན་ཐོ་དེ་ནི་འཁྱོགས་བཤད་དང་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་པ་ཞིག་རེད་ལ། དེ་ནི་ང་ཚོའི་ནང་སྲིད་ལ་ཐེ་བྱུས་བྱས་པའི་བྱ་སྤྱོད་ཞིག་ཀྱང་རེད། དེར་ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་ཨ་རིར་སྐྱོན་བརྗོད་བྱས་ཡོད་འདུག
གོང་གི་ཨ་རིའི་ཉམས་ཞིབ་ཚན་པ་དེ་ནི། དེ་སྔ་ཕྱི་ལོ་༢༠༠༠ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། མཁས་པ་༧༤ཙམ་གྱིས་ཉམས་ཞིབ་བྱས་ནས་ཚན་པ་དེའི་ཉམས་ཞིབ་ཚོགས་ཆུང་ལ་ཕུལ་བ་དང་། རིམ་པས་གྲོས་ཚོགས་དང་སྲིད་འཛིན་ལས་ཁུངས་སུ་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎