ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ཀུ་ཤུ་ཉིན་རེའི་གསར་ཁང་གི་རྩོམ་འབྲི་བ་ཞིག་འཛིན་བཟུང་།

2021.06.29
ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ཀུ་ཤུ་ཉིན་རེའི་གསར་ཁང་གི་རྩོམ་འབྲི་བ་ཞིག་འཛིན་བཟུང་། ཀུ་ཤུ་ཉིན་རེའི་གསར་ཁང་(Apple Daily)་གི་རྩོམ་སྒྲིག་པའི་ཆེད་རྩོམ་འབྲི་མཁན་སྐུ་ཞབས་(Fung Wai kong)་ཉེན་རྟོག་ལས་ཁུངས་མདུན། ༦།༢༩།༢༡
AFP

ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ཀུ་ཤུ་ཉིན་རེའི་གསར་ཁང་གི་རྩོམ་སྒྲིག་པའི་ཆེད་རྩོམ་འབྲི་མཁན་ཞིག་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་རེད་འདུག
དེ་ཡང་ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་(Apple Daily)་གི་རྩོམ་སྒྲིག་པའི་ཆེད་རྩོམ་འབྲི་མཁན་སྐུ་ཞབས་(Fung Wai kong)་འདི་ཚེས་༢༧་རེས་གཟའ་ཉི་མའི་ཉིན་གྱི་དགོང་དྲོ་གནམ་ཐང་དུ་ཧོང་ཀོང་གི་་སྲུང་སྐྱོབ་མི་སྣས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་དེ་ལག་བསྟར་བྱས་པའི་ཐོག་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། ཁོང་དབྱིན་ཡུལ་དུ་བསྐྱོད་རྩིས་བྱས་ཡོད་པའི་སྐོར་མངའ་ཁུལ་གྱི་གསར་ཤོག་ཁག་ནང་གནས་ཚུལ་བཀོད་སྤེལ་གནང་ཡོད་པ་རེད།
ད་ཐེངས་ཧོང་ཀོང་གི་སྐོར་སྲུང་བས་ཀུ་ཤུ་ཉིན་རེའི་གསར་ཁང་(Apple Daily)་གི་རྩོམ་འབྲི་པ་སྐུ་ཞབས་(Wai Kong)་འཛིན་བཟུང་བྱས་པ་དེས། ད་བར་བདུན་ཕྲག་གཉིས་ནང་གསར་ཁང་དེའི་འགོ་ཁྲིད་དང་རྩོམ་སྒྲིག་པ། རྩོམ་འབྲི་པ་སོགས་འཛིན་བཟུང་བྱས་པའི་མི་སྣ་བདུན་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གནས་སྟངས་དེར་ཧོང་ཀོང་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྐྱོན་བརྗོད་བྱས་བ་དང་མཉམ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ནི་ཧོང་ཀོང་གི་གཞི་རྩའི་ཐོབ་ཐང་ཡིན་པ་རེད། གལ་སྲིད་ཤེས་ལྡན་མི་སྣ་ཚོས་རྩོམ་ཡིག་ཁག་ལ་དབང་འཛིན་པའི་བཟོད་བསྲན་བྱེད་མ་ཐུབ་པ་ཡིན་ན་ཧོང་ཀོང་དེ་བཞིན་རྒྱལ་སྤྱིའི་གྲོང་ཁྱེར་ཞིག་ལ་ངོས་འཛིན་གནང་ཐུབ་ཐབས་དཀའ་བའི་རང་བཞིན་ཆགས་ཡོད་པ་རེད་ཅེས་སྤྱི་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད།
གནས་ཚུལ་དེ་བྱུང་བ་དང་། ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་ཐོག་རྒྱབ་སྐྱོར་གནང་མཁན་དྲ་རྒྱའི་ཐོག་གི་གསར་ཤོག་(Stand News)་ཞེས་པ་དེས། མངའ་ཁུལ་གྱི་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་གཞི་གསར་པ་དེར་འཇིགས་སྣང་གིས་གསར་ཤོག་དེའི་དྲ་རྒྱའི་ཐོག་བཀོད་པའི་མི་མང་གི་མཆན་དང་བསམ་ཚུལ་ཁག་གསུབ་རྒྱུ་ཡིན་པ་དང་དངུལ་བསྡུ་སློང་གི་ལས་འགུལ་དེ་ཡང་མཚམས་འཇོག་གནང་རྒྱུ་ཡིན་ཡང་གསར་ཤོག་མུ་མཐུད་དུ་འདོན་སྤེལ་གནང་རྒྱུ་ཡིན་པ་བརྗོད་འདུག
ཧོང་ཀོང་ནང་རྒྱ་ནག་གཞུང་གིས་བཟོས་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་བའི་ནང་། ནག་ཉེས་ཅན་གྱི་ལས་དོན་དང་དངུལ་སྒོར་འབྲེལ་བ་ཡོད་པ་མཐོང་ཚེ་དོ་བདག་དང་ཚན་པ་ཁག་གི་ཁེ་དབང་བེད་སྤྱོད་གཏོང་རྒྱུ་མེད་པ་བཟོ་རྒྱུ་གསལ་ཡོད་པ་རེད་འདུག
ཉེ་ལམ་ཚེས་༡༧་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་ཁུངས་གཙོས་རྩོམ་སྒྲིག་པ་ཚོའི་ཁྱིམ་བཅས་སུ་གློ་བུར་སྔོག་བཤེར་བྱས་པ་དང་། གསར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་འགན་ཁུར་བ་བཅས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། གསར་ཁང་དེ་ལ་དབང་བའི་ཨ་སྒོར་ས་ཡ་གཉིས་དང་གྲངས་ཆུང་༣༢་ཙམ་ཡོད་པ་དངུལ་ཁང་ནས་བཏོན་མི་ཐུབ་པ་བཟོས་ཡོད་པའི་ཁར་ཚགས་པར་ཁང་དེའི་མ་རྐང་དེ་བཞིན་ཧོང་ཀོང་གི་ཧང་སིན་མ་རྐང་ཁྲོམ་རྭའི་ནང་འགྲོ་རྒྱུགས་བྱེད་པར་བཀག་འགོག་བྱས་ཡོད་པ་དང་། དེའི་རྗེས་སུ་དཀའ་ངལ་རིམ་པར་འཕྲད་རྐྱེན་ཀུ་ཤུ་གསར་ཁང་དེ་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎