རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་བཟོ་བཞིན་པའི་སྐྱོན་བརྗོད།

2021-06-30
Share
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་བཟོ་བཞིན་པའི་སྐྱོན་བརྗོད། ཧོང་ཀོང་ནང་ཉེན་རྟོག་པས་སྔོག་བཤེར་དང་འདྲི་རྩད། ༦།༡༢།༢༡
AFP

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱེད་བཞིན་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག
དེ་ཡང་ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་གི་དམངས་གཙོིའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་འཛུགས་མཁན་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་དང་གསར་འགོད་པ། ཆེད་བརྗོད་རྩོམ་འབྲི་པ་བཅས་འཛིན་བཟུང་བྱས་པ་དང་། ཁོང་ཚོའི་མ་དངུལ་སོགས་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ནས་ཚགས་པར་ཁང་སྒོ་རྒྱག་དགོས་བྱུང་བ་སོགས་ཀྱི་གནས་སྟངས་དང་འབྲེལ། ཕྱི་ཟླ་དྲུག་པའི་ཚེས་༣༠་རེས་གཟའ་ལྷག་པ་ཉིན་རྒྱལ་སྤྱིའི ཉེས་ཡང་ཚོགས་པས་སྤྱི་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་ཐོག་ལ་རྡུང་རྡེག་གཏོང་རྒྱུའི་ཆེད་དུ། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་གཏན་འབེབས་ལག་བསྟར་བྱས་ནས་ལོ་གཅིག་ཙམ་ལས་ཕྱིན་མེད་ཀྱང་། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེན་བཏང་དང་གཏོང་བཞིན་པ་དང་། ཁྲིམས་གཞི་དེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྡེ་ཚན་འགན་འཛིན་(Yamini Mishra)་ཞུ་བས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་གཏན་འབེབས་ལག་བསྟར་བྱས་བའི་ལོ་གཅིག་གི་ནང་ལ། ཧོང་ཀོང་དེ་བཞིན་ཉེན་རྟོག་པས་མང་ཚོགས་ཀྱི་བྱེད་སྒོ་ཁག་ལ་གསང་བའི་ཐོག་ནས་རྟོགས་ཞིབ་བྱེད་ཡུལ་ཞིག་ཏུ་གྱུར་ཏེ། ཉེན་རྟོག་པས་དབང་བསྒྱུར་གྱི་དུས་སྐབས་སུ་གྱུར་བ་དང་། ཧོང་ཀོང་མི་དམངས་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་བརྗོད་འདུག
འོན་ཀྱང་རྒྱ་ནག་གཞུང་གིས། ཧོང་ཀོང་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ནི། ༢༠༡༩་ལོར་ཧོང་ཀོང་ནང་དམངས་གཙོའི་ལས་དོན་གཞི་རྒྱ་ཆེན་པོ་སྤེལ་བ་དང་ཁག་ཅིག་དྲག་ཟིང་གི་དོན་རྐྱེན་བྱུང་བའི་རྗེས། ཧོང་ཀོང་གི་སྤྱི་ཚོགས་བརྟན་ལྷིང་བསྐྱར་གསོ་བྱ་རྒྱུའི་དགོས་མཁོར་དམིགས་པ་ཞིག་ཡིན་ལུགས་མཐའ་ཅིག་ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཁྲིམས་གཞི་དེ་ནི་ཁྲིམས་འགལ་ཅན་གྱི་མི་ཉུང་ཤས་ཀྱི་ཐོག་ལ་ལག་བསྟར་བྱ་རྒྱུ་ཁོ་ན་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་གཏན་འབེབས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྐབས། དམངས་གཙོ་ལས་འགུལ་བའི་ཁྲོད་བེད་སྤྱོད་འདྲ་མིན་བྱས་ནས་ཁ་བྲལ་རིང་ལུགས་པ་དང་། ཕྱི་རྒྱལ་ལ་ངན་འབྲེལ། འཇིགས་སྐུལ་རིང་ལུགས་སོགས་ཀྱི་ཉེས་འཛུགས་བྱས་ནས་ཧོང་ཀོང་གི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གནས་བབ་ཡོངས་ལ་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།