ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གོ་སྒྲིག་བྱེད་མཁན་ཞིག་ལ་ཁྲིམས་ཆད་འཕར་མ་བཅད་འདུག

2022-01-04
Share
ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གོ་སྒྲིག་བྱེད་མཁན་ཞིག་ལ་ཁྲིམས་ཆད་འཕར་མ་བཅད་འདུག ཧོང་ཀོང་གི་སྲིད་དོན་གྱི་ལས་འགུལ་བ་བུད་མེད་(Chow Hang tung)
AFP

དེ་ཡང་ཧོང་ཀོང་ནང་ཕྱི་ལོ་༡༩༨༩་ལོའི་རྒྱ་ནག་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་དེར་དྲན་གསོའི་ལས་འགུལ་གོ་སྒྲིག་གནང་མཁན་དང་། ད་ལྟ་བཙོན་འཇུག་འོག་ཡོད་པའི་ཧོང་ཀོང་གི་སྲིད་དོན་གྱི་ལས་འགུལ་བ་བུད་མེད་(Chow Hang tung)་སླར་ཡང་ཟླ་ངོ་༡༥་བཙོན་འཇུག་གི་ཉེས་ཆད་བཅད་ཡོད་པ་དང་། ཁོང་རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་སྔ་ལོ་ཕྱི་ཟླ་དྲུག་པའི་ཚེས་༤་ཉིན་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་དེར་དྲན་གསོའི་ཆེད་ཧོང་ཀོང་ནང་མི་མང་རྣམས་ཀྱིས་མར་མེ་སྒྲོན་ནས་དྲན་གསོ་གནང་དགོས་པའི་འབོད་སྐུལ་རྩོམ་ཡིག་ཁག་གཉིས་སྤེལ་བར་བརྟེན་སླར་ཡང་ཟླ་ངོ་༡༥འི་ཁྲིམས་ཆད་འཕར་མ་བཅད་འདུག
དགུང་གྲངས་༣༦་ལ་ཕེབས་པའི་(Chow)་ཡིས་ཁྲིམས་ཁང་ནང་། སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་རྒྱུའི་ཐབས་ཤེས་ཁོ་ན་ནི་སྨྲ་བརྗོད་བྱེད་རྒྱུ་དེ་རང་རེད། ནག་ཉེས་ངོ་མ་དེ་ནག་ཅན་པ་སྲུང་སྐྱོབ་ཆེད་ཁྲིམས་བཟོ་བ་དང་རྒྱལ་ཁབ་ཀྱི་མིང་ཐོག་ཉེས་མེད་མི་མང་རྣམས་གཏིང་བརྗེད་གཏོང་བ་དེ་རེད་ཅེས་བརྗོད་ཡོད་པ་རེད་འདུག
དེ་སྔ་ཁོང་མོ་མར་མེ་ཁྲོམ་སྐོར་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ཟླ་༡༠་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ད་ལྟ་ཁྱོན་སྡོམ་ཟླ་༢༢་ཙམ་གྱི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་ཀྱི་ཡོད་འདུག
བཙོན་འཇུག་འོག་ཡོད་པའི་བུད་མེད་(Chow)་ནི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ད་ལྟ་སྒོ་བརྒྱབ་ཟིན་པའི་ཧོང་ཀོང་མནའ་འབྲེལ་ཚོགས་པའི་འགན་འཛིན་གཞོན་པ་ཡིན་པ་རེད།
གཞན་ཕྱི་ཚེས་༤་ཉིན། ཧོང་ཀོང་ནང་ལྷག་ཡོད་པའི་དམངས་གཙོའི་གསར་ཁང་(Citizen News)་ཡང་སྒོ་བརྒྱབ་ཡོད་པ་དང་། འབྲེལ་ཡོད་ལས་བྱེད་ཅིག་གིས། ཧོང་ཀོང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། གསར་ཁང་གི་ལས་བྱེད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་སྒོ་རྒྱག་དགོས་བྱུང་བ་བསྒྲགས་འདུག དེ་སྔ་ཧོང་ཀོང་ནང་གི་རང་དབང་ཅན་གྱི་གསར་ཁང་ཀུ་ཤུ་ཚགས་པར་ཁང་སོགས་ཀྱང་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།