ཧོང་ཀོང་ནང་ས་གནས་འཐུས་མིར་ལངས་བར་རྒྱ་ནག་དམར་ཤོག་ལ་ལར་ཞེན་དགོས་བའི་ཆ་རྐྱེན་བཏོན་འདུག

2021-02-24
Share
ཧོང་ཀོང་ནང་ས་གནས་འཐུས་མིར་ལངས་བར་རྒྱ་ནག་དམར་ཤོག་ལ་ལར་ཞེན་དགོས་བའི་ཆ་རྐྱེན་བཏོན་འདུག ཧོང་ཀོང་ནང་ངོ་རྒོལ་གྱི་སྦྱར་ཡིག་སྤེལ་མཁན་ལ་ཉེན་རྟོག་པས་བརྙན་བླངས་ནས་ལྟ་རྟོགས། ༡༢།༢༠༢༠
Reuters

ཧོང་ཀོང་ས་གནས་སྲིད་གཞུང་གིས་རྫོང་རིམ་པའི་ས་གནས་འཐུས་མིའི་འོས་བསྡུའི་ནང་ཞུགས་འདོད་མཁན་ཚོར་རྒྱ་ནག་དང་རྒྱ་ནག་དམར་ཤོག་ལ་ལར་ཞེན་དགོས་བའི་ཆ་རྐྱེན་བཏོན་འདུག
ཧོང་ཀོང་ས་གནས་སྲིད་གཞུང་གིས་རྫོང་རིམ་པའི་ས་གནས་འཐུས་མིའི་འོས་བསྡུའི་ནང་ཞུགས་འདོད་མཁན་ཚོར། ཆ་རྐྱེན་གཙོ་བོ་རྒྱ་ནག་དང་རྒྱ་ནག་དམར་ཤོག་ཚོགས་པར་ལར་ཞེན་དང་རྒྱལ་ཞེན་ཡོད་པ་ཞིག་དགོས་པའི་གསལ་བསྒྲགས་ཤིག་འདི་ཚེས་༢༣རེས་གཟའ་མིག་དམར་ཉིན་སྤེལ་ཡོད་པ་དང་། དེ་ནི་ཧོང་ཀོང་གི་དམངས་གཙོའི་རང་དབང་དེ་རྒྱ་ནག་གཞུང་གིས་རྩ་མེད་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག
མི་རིང་བར་ཧོང་ཀོང་གི་གྲོས་ཚོགས་ནང་ཁྲིམས་འཆར་གསར་པ་ཞིག་བཏོན་འཆར་ཡོད་པ་དང་། ཁྲིམས་འཆར་དེ་གཞིར་བཟུང་བྱས་ན། ཕྱོགས་འགལ་བྱ་མཁན་རྣམས་ཀྱི་གནས་སྟངས་དཀའ་མོ་ཆགས་རྒྱུ་དང་། དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་འཐུས་མི་རྣམས་མང་མོས་འོས་འདེམས་བྱུང་ནས་དམ་འབུལ་ཞུས་ཀྱང་ཕྱིར་འབུད་བྱ་སྲིད་པ་ཞིག་ཡིན་འདུག དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པར་ལར་ཞེན་མེད་པ་དང་། འོས་ཆོས་མ་ཚང་བའི་འོས་མི་རྣམས་ཀྱིས་མ་འོངས་ལོ་ལྔའི་རིང་འོས་བསྡུའི་ནང་ཆ་ཤས་ལེན་ཆོག་གི་མེད་པ་རེད་འདུག
ཧོང་ཀོང་གི་རྒྱ་ནག་ལས་དོན་དང་རྩ་ཁྲིམས་ཀྱི་དྲུང་ཆེ་(Erick Tsang)ཟེར་བས། རྒྱལ་ཁབ་ལ་དགའ་ཞེན་ཡོད་ཟེར་ནས་རྒྱ་ནག་དམར་ཤོག་ཚོགས་པར་གུས་བཀུར་མ་བྱས་པ་ཡིན་ན། དེ་ནི་གོ་དོན་མི་མཚུངས་བ་ཞིག་རེད་ཅེས་བཤད་འདུག
ཐེངས་འདིའི་རྫོང་ས་གནས་འཐུས་མིའི་འོས་བསྡུར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་ད་ལྟ་ནས་གསལ་བོ་ཡིན་པ་དང་། དེ་སྔ་ཕྱི་ལོ་༢༠༡༩ལོར་རྫོང་ས་གནས་འཐུས་མིའི་འོས་བསྡུར་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། ཕྱི་ལོ་༢༠༡༩ལོར་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་དང་དམངས་གཙོའི་ལས་འགུལ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་ནས། ད་ལྟ་ཧོང་ཀོང་ནང་ལག་བསྟར་གྱིས་དམ་དྲག་ཤུགས་ཆེ་བྱ་བཞིན་ཡིན་པ་དང་། དམངས་གཙོའི་ལས་འགུལ་སྤེལ་མཁན་རྣམས་བཙོན་འཇུག་བྱས་པ་དང་། ཁག་ཅིག་བྲོས་བྱོལ་དུ་འགྲོ་དགོས་ཆགས་པ། དེ་བཞིན་དམངས་གཙོར་དགའ་ཞེན་ཡོད་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་གྲོས་ཚོགས་ནས་ཕྱིར་འབུད་བཏང་བ། ཆབ་སྲིད་ཀྱི་འཕྲེད་དར་འཕྱར་བ་དང་། ངོ་རྒོལ་སྐད་འབོད་བྱ་མི་ཆོག་པ་བཟོས་པ། ཧོང་ཀོང་གི་སློབ་གྲྭ་ཁག་ཀྱང་རྒྱ་ནག་གི་བཀའ་དང་མཐུན་པ་བཟོ་དགོས་པ་བྱས་ནས། ཉེ་ལམ་རྒྱ་ནག་གིས་བཟོས་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཞེས་བ་ད་ཆ་ཧོང་ཀོང་གི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་ཐབས་བྱེད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།