རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཧོང་ཀོང་གི་འོས་བསྡུ་བསྒྱུར་བཅོས་སྐོར་གླེང་རྒྱུ་ཡིན་འདུག

2021-03-04
Share
རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཧོང་ཀོང་གི་འོས་བསྡུ་བསྒྱུར་བཅོས་སྐོར་གླེང་རྒྱུ་ཡིན་འདུག ཧོང་ཀོང་གི་གྲོས་ཚོགས་ར་བ། ༢༠༢༠
AFP

ཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་གཉིས་ཀྱི་ཐོག་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བསྒྱུར་བཅོས་སྐོར་གླེང་རྒྱུ་ཡིན་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས། ཕྱི་ཟླ་ ༣ ཚེས་༥ནས་འགོ་འཛུགས་ཀྱིས་ཚེས་༡༡བར་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུ་འགོ་འཛུགས་སྐབས། རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་ཀྱི་འོས་བསྡུའི་ལམ་ལུགས་བསྐྱར་བཅོས་བྱ་རྒྱུའི་སྐོར་གླེང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་སྲིད་ཇུས་དོ་དམ་དུ་གཏོང་རྒྱུ་དེ་ནི་ཧོང་ཀོང་གི་རང་དབང་དམངས་གཙོའི་ལམ་ལུགས་ལ་མུ་མཐུད་དུ་རྡོག་རོལ་བཏང་བ་ཡིན་པ་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱ་ནག་གི་ཁྲིམས་བཟོ་བ་གྲོས་ཚོགས་ལྟ་བུ་ཡིན་ན་ཡང་། དོན་དུ་འཐུས་མི་༣༠༠༠ཙམ་འདུས་པའི་ཚོགས་འདུ་འདིར་གནད་དོན་ཐག་གཅོད་བྱེད་པའི་དབང་ཚད་མེད་པ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཐེངས་འདིའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་གཏོང་བའི་དམིགས་ཡུལ་ནི་འབྱུང་འགྱུར་ས་གནས་ཀྱི་འོས་བསྡུའི་གྲུབ་འབྲས་རྒྱ་ནག་གི་སྟངས་འཛིན་དམ་པོའི་འོག་གནས་ཐབས་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་ཅི་ཞིག་གཏོང་མིན་ཞིབ་ཕྲ་གསལ་བསྒྲགས་བྱས་མེད་ན་ཡང་། འགྱུར་བའི་ཁ་ཕྱོགས་ཀྱི་སྙིང་དོན་བཏོན་པ་དེར་གཞིགས་ན། མ་འོངས་པར་ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་འོས་མིར་འཇུག་མཁན་རྒྱ་ནག་པེ་ཅིང་གཞུང་ལ་རྒྱབ་སྐྱོར་ཡོད་པའི་རིགས་ལས་སླ་པོར་མིང་འདོན་ཐུབ་རྒྱུ་དང་། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་འོས་འདེམས་བྱེད་མཁན་གྱི་ཚོགས་ཆུང་གི་ཚོགས་མི་ཁག་རྒྱ་ནག་གཞུང་གི་འདོད་མོས་ཡོད་པའི་མི་མང་བ་སླེབས་ཐབས་སོགས་སུ་དམིགས་ཡོད་པ་དང་། དམིགས་ཡུལ་དེ་སྒྲུབ་ཐབས་སུ་ཧོང་ཀོང་ས་གནས་གྲོས་ཚོགས་དང་སྤྱི་ཁྱབ་འགན་འཛིན་འདེམས་བསྐོ་ཚོགས་ཆུང་གི་ཚོགས་མི་མང་དུ་གཏོང་རྒྱུ་སོགས་བྱེད་རྒྱུ་ཡིན་འདུག
གཞན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནང་། རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཞུགས་མཁན་གྱི་འཐུས་མི་ཚོར་རྒྱལ་ཞེན་ཡོད་མེད་ཀྱི་ཆ་རྐྱེན་ལ་རྟོགས་ཞིབ་བྱ་རྒྱུ་དང་། ཧོང་ཀོང་ནང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་པའི་དམངས་གཙོའི་བྱེད་སྒོར་མུ་མཐུད་དམ་དྲག་བྱ་རྒྱུའི་འཆར་གཞི་འཐེན་བཞིན་པ་རེད།
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་(Wang Chen)གིས་འདི་ཚེས་༥རེས་གཟའ་པ་སངས་ཉིན་རྒྱལ་ས་པེ་ཅིང་ནས་གསར་འགོད་ལྷན་ཚོགས་སར། འཐུས་མི་ཚོགས་ཆེན་གྱི་ནང་ཧོང་ཀོང་ནང་ཆབ་སྲིད་ཀྱི་ལས་དོན་དེ་གོ་རིམ་ལྡན་པ་ཞིག་ཡོང་ཐབས་སླད། འོས་བསྡུར་ཞུགས་མཁན་གྱི་འཐུས་མི་རྣམས་ཀྱི་ཆ་རྐྱེན་ཚང་གི་ཡོད་མེད་རྟོགས་ཞིབ་ཀྱི་ལམ་ལུགས་ཤིག་གཏན་བེབས་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།
ཧོང་ཀོང་གི་རྒྱ་རིགས་གཙུག་ལག་སློབ་ཆེན་(Hong Kong Chinese University)གྱི་གྲགས་ཅན་ཆབ་སྲིད་དཔྱད་ཞིབ་པ་(Willie Lam)གིས། དེའི་ཐད་(AFP)གསར་ལས་ཁང་ལ། གལ་ཏེ། རྒྱ་ནག་གཞུང་གིས་ཆ་རྐྱེན་དེ་གཏན་འབེབས་བྱས་པ་ཡིན་ན། ཧོང་ཀོང་ནང་ཕྱོགས་འགལ་སྲིད་དོན་ཚོགས་པའི་བསམ་ཚུལ་བརྗོད་ས་མེད་པ་ཆགས་རྒྱུ་ཡིན་པ་དང་། དེས་རིམ་པས་ཧོང་ཀོང་ནང་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་ཚོགས་པ་ཆ་ཚང་མེད་པ་བཟོ་རྒྱུའི་ཉེན་ཁ་ཡིན་པ་གསུངས་འདུག

china-ccp.jpg

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།