རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཞེས་པ་གཏན་འབེབས།

2020-06-30
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཞེས་པ་དང་འབྲེལ་བའི་ཟུར་ཟའི་རི་མོ།
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཞེས་པ་དང་འབྲེལ་བའི་ཟུར་ཟའི་རི་མོ།
RFA

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཞེས་པ་གཏན་འབེབས་ཐག་གཅོད་བྱས་རྗེས་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་ཅིག་གི་རྒྱུན་ལས་ཚོས་ལས་གནས་ནས་ཕྱིར་འཐེན་བྱས་འདུག
དེ་ཡང་འདི་ཚེས་༣༠་གཟའ་མིག་དམར་ཉིན། རྒྱ་ནག་གི་ཆེས་མཐོའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་པའི་རྗེས་སུ། ཧོང་ཀོང་ནང་(Demosisto)་ཞེས་པའི་དམངས་གཙོ་དོན་གཉེར་བའི་ཚོགས་པ་དེའི་རྒྱུན་ལས་(Joshua Wong) (Nathan Law) (Jeffrey Ngo) (Agnes Chow)་བཅས་ཀྱིས་ངོ་དེབ་བརྒྱུད་ཁོང་རྣམས་ཚོགས་པ་དེའི་རྒྱུན་ལས་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༦ ་ལོར་(Demosisto)་ཞེས་པའི་ཚོགས་པ་ཆེད་བཙུགས་ཀྱིས། དམ་དྲག་དང་འགོག་རྐྱེན་བཟོས་མིན་ལ་མ་བལྟོས་བར་ཧོང་ཀོང་ས་གནས་སྲིད་གཞུང་གི་གྲོས་ཚོགས་འཐུས་མི་སོགས་ཀྱི་འོས་བསྡུའི་ནང་ལའང་མཉམ་ཞུགས་བྱས་ཡོད་པ་རེད།
(Joshua Wong)་གྱིས་ངོ་དེབ་ནང་། ཧོང་ཀོང་ནང་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་འདིའི་ཐོག་ནས་དམངས་གཙོ་དོན་གཉེར་བའི་ལས་འགུལ་སྤེལ་མཁན་ཚོའི་ལས་དོན་ཙམ་མ་ཡིན་པར་སྲོག་ཚུན་ཆད་ལའང་ཉེན་ཁ་ཡོད་པ་དང་། ཁྲིམས་གཞི་དེའི་འོག་ནས་ལོ་ངོ་བཅུ་ཙམ་བཙོན་བཅུག་དང་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱེད་སྲིད་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ངས་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ནས་དགོངས་ཞུ་བྱེད་རྒྱུ་ཡིན། འོན་ཀྱང་ཧོང་ཀོང་གི་དམངས་གཙོ་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྒེར་གྱི་ངོ་བོའི་ཐོག་ནས་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཀོད་འདུག
ཡང་(Hong Kong National Front)་འམ་ཧོང་ཀོང་རྒྱལ་ཡོངས་མདུན་བསྐྱོད་ཚོགས་པ་ཞེས་པའི་ངོ་དེབ་ནང་དུའང་ས་གནས་སུ་ཡོད་པའི་ཚོགས་པའི་རྒྱུན་ལས་རྣམས་གཟའ་མིག་དམར་ནས་བཟུང་ཕྱིར་བསྡུ་བྱེད་རྒྱུ་ཡིན། ཡིན་ནའང་ཐེ་ཝན་དང་། དབྱིན་ཡུལ་ནང་ཡོད་པའི་ཚོགས་པའི་འཐུས་མི་ཚོས་ཧོང་ཀོང་གི་རང་དབང་འཐབ་རྩོད་ཆེད་མུ་མཐུད་ནས་ལས་འགུལ་སྤེལ་གྱི་རེད་ཅེས་བཀོད་ཡོད་འདུག
དེ་དང་ཕྱོགས་མཚུངས་(Studentlocalism)་ཞེས་པའི་སློབ་ཕྲུག་གི་ཚོགས་པ་དེས་ཀྱང་གོང་གི་ཚོགས་པ་གཉིས་དང་འདྲ་མཚུངས་ངོ་དེབ་བརྒྱུད་ནས། ད་རིང་ནས་བཟུང་ཧོང་ཀོང་ནང་གི་ཚོགས་མི་ཚོ་ཕྱིར་བསྡུ་དང་འབྲེལ་ལས་འགུལ་རྣམས་ཨ་རི་དང་ཐེ་ཝན། ཨོ་སུ་ཀྲེ་ལི་ཡའི་ནང་ཡོད་པའི་ཚོགས་མི་ཚོས་ལས་དོན་མཇུག་སྐྱོང་བྱེད་ཀྱི་རེད་ཅེས་གསལ་བསྒྲགས་དང་། གང་ལྟར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དེ་ལག་བསྟར་བྱེད་རྒྱུ་གཏན་འབེབས་བྱུང་མ་ཐག་ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་ཅིག་ནས་ས་གནས་སུ་ཚོགས་པའི་ལས་དོན་སྤེལ་རྒྱུ་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱེད་ཡོད་འདུག
རྩ་བའི་ཆ་ནས་གོང་དུ་ཞུས་པའི་ཁྲིམས་གཞི་གསར་པ་དེའི་ནང་། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱེད་མཁན་དང་། འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན། ཕྱིའི་རྒྱལ་ཁབ་ཀྱི་གནོན་ཤུགས་འོག་ནས་རྒྱལ་ཁབ་ཀྱི་བརྟན་ལྷིངས་ལ་དོ་ཕོག་གཏོང་མཁན་སོགས་ཀྱི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་འཁོད་ཡོད་པ་རེད།
ཁྲིམས་གཞི་གསར་བའི་ཐད་ཧོང་ཀོང་གི་ས་གནས་སྤྱི་ཁྱབ་(Carry Lam)་ལ་གསར་འགོད་པ་ཚོས་དྲི་བ་དྲིས་སྐབས། ད་ལྟའི་ཆར་ཁྲིམས་གཞི་དེ་བཞིན་ཧོང་ཀོང་ས་གནས་སྲིད་གཞུང་གི་གཞི་རྩའི་ཁྲིམས་གཞིའི་ནང་འགོད་རྒྱུའི་ཐག་གཅོད་བྱུང་མེད་པ་དང་། ཐག་གཅོད་བྱུང་མཚམས་ལན་འདེབས་བྱེད་ཆོག་ཞེས་བ་ལས་ཁ་གསལ་གྱི་ཐོག་ནས་ལན་རྒྱབ་མེད་པ་རེད། འོན་ཀྱང་ཁྲིམས་གཞི་གསར་པ་དེར་སྐྱོན་བརྗོད་བྱེད་མཁན་ཚོས་འདི་ལྟབུའི་ཁྲིམས་གཞི་དངོས་སུ་ཧོང་ཀོང་ནང་ལག་བསྟར་བྱས་པ་ཡིན་ན། ཧོང་ཀོང་མི་དམངས་གི་རང་དབང་དང་། དམངས་གཙོ་དོན་གཉེར་བ་ཚོའི་ལས་འགུལ་ལ་དོ་ཕོག་ཐེབས་རྒྱུ་ཡིན་ལུགས་ཀྱི་སྐྱོན་བརྗོད་དང་ངོ་རྒོལ་ཡང་ཡང་ཡོང་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།