ཨ་རིའི་གྲོས་ཚོཊ་འཐུས་མི་ཁག་ཧོང་ཀོང་གི་ལས་འགུལ་བ་དང་མཇལ་བར་རྒྱ་ནག་གིས་སྐྱོན་བརྗོད།

2019-09-19
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelsoi)་མཆོག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་མཇལ་འཕྲད། ༢༠༡༩།༩།༡༨
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelsoi)་མཆོག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་མཇལ་འཕྲད། ༢༠༡༩།༩།༡༨
མ་ལེ་ཁཱ

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སེ་མཆོག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་མཇལ་འཕྲད་དང་གཏམ་བཤད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelsoi)་མཆོག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་མཇལ་འཕྲད་ཀྱིས་ཁོང་རྣམས་ཀྱི་དགོས་འདུན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བར་རྒྱ་ནག་གི་ཕྱོགས་ནས་སྐྱོན་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)་གིས་འདི་ཚེས་༡༩་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག ལྕམ་(Nancy Pelosi)་དང་གཞན་ཡང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་གིས། ལེགས་ཉེས་དབྱེ་འབྱེད་མ་ཐུབ་པར་འཁྲུལ་ཏེ། ཧོང་ཀོང་གི་ཁ་བྲལ་བ་ཚོར་རྒྱབ་སྐྱོར་གྱིས་འགན་ཁུར་མེད་པའི་བཀའ་མོལ་གསུངས་པ་དེ་ནི། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་པས་བྱེད་ལས་དེ་རྣམས་མཚམས་འཇོག་དགོས་ཀྱི་ཡོད་ལུགས་བརྗོད་ཡོད་པ་རེད།
དེ་ནི་རྒྱ་ནག་གི་མགྲིན་ཚབ་པས་གོང་དུ་ཧོང་ཀོང་གི་ཁ་བྲལ་བ་ཞེས་བརྗོད་བཞིན་པའི་ཧོང་ཀོང་གི་ན་གཞོན་དམངས་གཙོའི་ལས་འགུལ་བ་(Joshua Wong)་དང་། དམངས་གཙོའི་ལས་འགུལ་བ་དང་གླུ་པ་གྲགས་ཅན་(Denise Ho)་བཅས་ཁག་ཅིག་ད་རེས་ཨ་རིའི་ནང་ཕེབས་ནས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དང་དབུ་ཁྲིད་རྣམ་པར་ཧོང་ཀོང་ནང་འགྲོ་བཞིན་པའི་མང་ཚོགས་ཀྱི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་འཚོལ་ཐབས་དང་ཞུ་གཏུག་བྱས་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག་གི་དབུས་པའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ངོ་བོ་དབྱེ་མེད་ཀྱི་ཐོག་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་ཐུག་འཕྲད་དང་འབྲེལ་རྒྱབ་སྐྱོར་གྱི་རྣམ་རྒྱུར་ཤུགས་ཆེ་གསལ་སྟོན་གནང་བ་དེར་རྒྱ་ནག་གཞུང་ཡི་མ་རངས་བར་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་རེད།
དེ་ཡང་དབང་ཚད་ཆེ་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས། ཧོང་ཀོང་གི་ལས་འགུལ་བ་ཚོས་དམངས་གཙོའི་ལས་འགུལ་དེ་བརྒྱུད་རྒྱ་ནག་གཞུང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་དེ་ནི་བསྔགས་བརྗོད་འོས་པ་ཞིག་ཡིན་པ་དང་། ཧོང་ཀོང་ནང་མང་ཚོགས་ལ་འགན་འཁུར་ཡོད་པའི་སྲིད་གཞུང་འདེམས་བསྐོ་བྱ་རྒྱུའི་ཐོབ་ཐང་དེ་ངེས་པར་དུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།
ཧོང་ཀོང་གི་ལས་འགུལ་བ་ཚོས་ཨ་མི་རི་ཀའི་གྲོས་ཚོགས་ལ་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་། ཨ་རིའི་བཟོ་ཚོང་ལས་ཁང་ཁག་ནས་ཧོང་ཀོང་གི་ཉེན་རྟོག་པས་མང་ཚོགས་རྡུང་རྡེག་ལ་བེད་སྤྱོད་བྱེད་བཞིན་པའི་ཡོ་ཆས་ཁག་ཚོང་བསྒྱུར་བཀག་སྡོམ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།