ཧོང་ཀོང་ནང་གཟའ་མཇུག་རིང་གང་སར་ངོ་རྒོལ་དང་ཉེན་རྟོག་པ་དང་གདོང་ཐུག

2019-09-16
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་དམངས་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༩།༡༥
ཧོང་ཀོང་ནང་དམངས་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༩།༡༥
AFP

འདས་བའི་གཟའ་མཇུག་རིང་ཧོང་ཀོང་གི་ཁྲོམ་ས་དང་ཡུལ་སྐོར་ས་ཚུགས་ཁག་ནང་མི་དམངས་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་འཁྲུག་འཛིང་དང་གདོང་ཐུག་རིམ་པ་བྱུང་འདུག
འདས་བའི་གཟའ་མཇུག་རིང་ཧོང་ཀོང་གི་ཁྲོམ་ས་དང་། ཡུལ་སྐོར་ས་ཚུགས་ཁག་ནང་མི་དམངས་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་འཁྲུག་འཛིང་དང་གདོང་ཐུག་རིམ་པ་བྱུང་པའི་རྗེས་གཟའ་ཟླ་བའི་ཉིན་རྒྱུན་ལྡན་གྱི་བྱ་བཞག་ཁག་ནམ་རྒྱུན་ལྟར་སྒོ་ཕྱེ་ཡོད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་ཀྱི་རང་སྐྱོང་གི་གནས་བབ་ལ་ཐེ་ཇུས་མང་དུ་འགྲོ་བཞིན་པའི་གནད་དོན་ལ་ངོ་རྒོལ་ཆེད། རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་གདོང་འབག་ནག་པོ་དང་། ཞྭ་མོ་གྱོན་པའི་ངོ་རྒོལ་བ་སྟོང་ཚོ་མང་པོས་ཧོང་ཀོང་ནང་མི་ཚོགས་ཆེ་བའི་ཚོང་ལས་ཀྱི་ཁྲོམ་ས་དང་། ལམ་གཞུང་ཆེ་ཁག་ལ་འགྲུལ་བཞུད་བཀག་འགོག་བྱས་པ་དང་། ཁྲོམ་གཞུང་ཐོག་མེར་སྤར་བ་ལ་སོགས་པའི་ལས་འགུལ་སྤེལ་ཡོད་པ་རེད།
ངོ་རྒོལ་གྱི་འདུ་འཛོམས་གྲོལ་ཐབས་སུ། ཉེན་རྟོག་པས་ངོ་རྒོལ་བའི་ཐོག་མིག་ཆུ་ཤོར་བྱེད་དུག་རླངས་བཏང་བ་དང་། ལྷག་པར་དུ་(Causeway Bay)་ཞེས་པའི་ཚོང་ལས་ཀྱི་ས་ཚུགས་སུ་ངོ་རྒོལ་བའི་ཐོག་མིག་ཆུ་ཤོར་བྱེད་དུག་རླངས་དང་ཆུ་ཤུགས་ཆེ་བའི་ཆུ་མདའ་བརྒྱབ་པ། ད་དུང་འགྱིག་གི་མདེའུ་ཡོད་པའི་མེ་མདའ་བེད་སྤྱད་ནས་ངོ་རྒོལ་ལས་འགུལ་གནོན་ཐབས་དང་གྲོལ་ཐབས་བྱས་བར་བརྟེན་ཕན་ཚུན་བར་གདོང་ཐུག་རིམ་པ་བྱུང་ཡོད།
ཧོང་ཀོང་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་པས་བརྗོད་དོན་ལྟར་ན། གདོང་ཐུག་ཁྲོད་མི་གྲངས་༡༨་ལ་རྨས་སྐྱོན་ཕོག་ཞིང་། དེའི་ནང་ནས་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་བྱུང་འདུག་ཟེར།
རེས་གཟའ་ཟླ་བ་ཉིན། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཀྱིས་བརྗོད་ན། རེས་གཟའ་ཉི་མའི་ཉིན་ངོ་རྒོལ་བ་ཚོས་ཉེན་རྟོག་པ་གཉིས་ལ་འཐབ་རྒོལ་བྱས་པ་མ་ཟད། ཉེན་རྟོག་པའི་ཐོག་སྣུམ་གྱི་འབར་རྫས་དང་། ས་ཕག་གཡུགས་ནས་ཉེན་རྟོག་པའི་བདེ་འཇགས་ལ་ཉེན་ཚབས་བཟོས་ཡོད་ལུགས་དང་། ཁྱོན་ད་རེས་ཀྱི་དོན་རྐྱེན་དེའི་ཁྲོད་ངོ་རྒོལ་བ་མི་གྲངས་༨༩་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག
གཞན་ཡང་གནས་ཚུལ་ནང་གསལ་ལྟར་ན། རེས་གཟའ་ཉི་མའི་ཉིན་(Fortress Hill)་དང་། (North Point)་ཞེས་རྒྱ་ནག་གཞུང་ལ་ཕྱོགས་གཏོགས་ཀྱི་མི་འབོར་མང་བའི་རྗོང་ཁོངས་སུ་སྟོད་ཐུང་དཀར་པོ་གྱོན་པའི་རྒྱ་ནག་གི་ཕྱོགས་གཏོགས་པ་དང་ དམངས་གཙོའི་ལས་འགུལ་བའི་དབར་འཐབ་རྒོལ་བྱུང་འདུག་ལ། རྒྱ་ནག་གི་ཕྱོགས་གཏོགས་པ་ཚོས་གསར་འགོད་པ་ཚོ་ལའང་རྒོལ་རྡུང་བཏང་ཡོད་ལུགས་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།