ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག

2019-08-26
གློག་འཕྲིན།
མཆན།
Share
པར་བཀོད།
ཨོ་སུ་ཀྲེ་ལི་ཡར་ཧོང་ཀོང་མི་དམངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ། ༢༠༡༩།༨།༢༥
ཨོ་སུ་ཀྲེ་ལི་ཡར་ཧོང་ཀོང་མི་དམངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ། ༢༠༡༩།༨།༢༥
མཐུན་འགྱུར་པར་རིས།

ཨོ་སུ་ཀྲེ་ལི་ཡའི་མལ་བྷོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གི་ཐོག་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག
ཧོང་ཀོང་ནང་ལོ་འདིའི་ཕྱི་ཟླ་དྲུག་པ་ནས་བཟུང་གཞོན་སྐྱེས་གཙོ་བོར་གྱུར་བའི་མང་ཚོགས་ནས། ས་གནས་སྲིད་གཞུང་གིས་བཏོན་པའི་དྭོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་རྒྱུའི་ཁྲིམས་འཆར་བཏོན་པ་དེས། ཧོང་ཀོང་གི་རང་དབང་དང་མང་གཙོར་དོ་ཕོག་འགྲོ་གཞི་ཞིག་ཡིན་ལུགས་ཀྱིས་ཕྱིར་འཐེན་དགོས་པའི་དགོས་འདུན་དང་སྦྲགས་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་པ་དེར། འཛམ་གླིང་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་སྦྲགས་རྒྱལ་ཁབ་སོ་སོའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨོ་སུ་ཀྲེ་ལི་ཡའི་ཝིཀ་ཀྲོ་རི་ཡའི་མངའ་ཁུལ་གྱི་གྲོང་ཁྱེར་མལ་བྷོན་བོད་རིགས་སྤྱི་མཐུན་ཚོགས་པས་རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་། ཝེཏ་ནམ་ཚོགས་པ། ཡུ་གུར་ཚོགས་པ། ཧྥ་ལུང་ཀུང་། ཧོང་ཀོང་གི་ལས་འགུལ་བ་བཅས་པའི་མཉམ་འཛོམས་ཀྱིས་གཟའ་མཇུག་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཡང་ཚེས་ཉི་ཤུ་ལྔ་སྟེ་གཟའ་ཉི་མའི་ཉིན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གི་ཐོག་ནས་ཝིཀ་ཀྲོ་རི་དཔེ་མཛོད་ཆེན་མོའི་མདུན་ཐང་དུ་ལས་འགུལ་སྤེལ་ཡོད་འདུག དེའི་སྐབས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་གཏམ་བཤད་སྤེལ་བའི་ནང་། ད་རེས་ང་ཚོ་འདིར་ལས་འགུལ་སྤེལ་དགོས་དོན་ནི། རང་དབང་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་པ་དང་། གལ་སྲིད་ང་ཚོ་རྡོག་རྩ་ཆིག་སྒྲིལ་བྱས་པ་ཡིན་ན་རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁང་གསར་བསྟན་འཛིན་བློ་བཟང་ལགས་ནས་ཀྱང་། བོད་ནང་ལོ་ངོ་དྲུག་ཅུའི་རིང་བོད་མི་ཚོས་རྒྱ་ནག་སྲིད་གཞུང་གི་དྲག་གནོན་འོག་སྔུག་སྦྱོང་མྱོང་དགོས་པ་དང་། དེར་གདོང་ལེན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཧོང་ཀོང་མང་ཚོགས་ནས་ཀྱང་གདོང་ལེན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་རེད། འོན་ཀྱང་ནམ་ཞིག་ང་ཚོར་རྒྱལ་ཁ་ཐོབ་ཀྱི་རེད་ཅེས་གསུངས་འདུག
ཡང་ཨོ་སུ་ཀྲེ་ལི་ཡའི་ནང་ཡོད་པའི་ཧོང་ཀོང་མི་དམངས་མཐུན་ཚོགས་ཀྱི་སྐུ་ཚབ་(Jane Poon)་གྱིས། ང་ཚོས་རང་དབང་དང་མང་གཙོའི་འཐབ་རྩོད་བྱེད་ཀྱི་ཡོད། དེ་དག་ཚང་མ་ཧོང་ཀོང་རྒྱ་ནག་གིསས་རྩིས་ལེན་པའི་སྐབས་དབྱིན་ཇི་དང་མཉམ་བཞག་པའི་གྲོས་མཐུན་ནང་གསལ་པོ་བཀོད་ཡོད་པ་ཞིག་རེད། ང་ཚོས་རྒྱ་ནག་གུང་ཁྲན་ཚོགས་པའི་སྲིད་གཞུང་ལ་ཞེ་སྣང་བྱེད་དོན་མེད། དེ་འདྲ་ཡིན་དུས་ཧོང་ཀོང་དམངས་ཚོགས་ནས་ཐོག་མར་དགོས་འདུན་བཏོན་པ་ལྟར་ཁྲིམས་འཆར་དེ་བཞིན་ཕྱིར་འཐེན་མ་བྱས་བར་དུ་བློ་ཁོག་ཆེན་པོའི་ཐོག་ནས་ལས་འགུལ་སྤེལ་དགོས་ལུགས་གསུངས་འདུག
དེ་བཞིན་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་སྐུ་ཚབ་(Julia)་ཇུ་ལི་ཡས། ཧོང་ཀོང་གི་གནས་སྟངས་ལ་འཛམ་གླིང་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར། ང་ཚོ་ཚང་མས་རྒྱབ་སྐྱོར་དང་ས་གནས་སྲིད་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་ཡོད་ཅེས་གསུངས་འདུག
ལས་འགུལ་སྐབས་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་ནང་གི་གནས་སྟངས་ངོ་སྤྲོད་མཚོན་པའི་པར་རིས་ཀྱི་འགྲེམས་སྟོན་གནང་འདུག
དེ་བཞིན་ཧོང་ཀོང་ནང་དམངས་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ནས་བདུན་ཕྲག་༡༢་ཙམ་འགྲོ་བཞིན་པའི་སྐབས། ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་དབར་ཕར་འགྲོ་ཚུར་འོང་བྱ་མཁན་ཁྲིམས་རྩོད་པ་དང་། གསར་འགོད་པ། དེ་བཞིན་གཞུང་འབྲེལ་མི་སྣ་བཅས་ལ་རྒྱ་ནག་གཞུང་ནས་བསུན་བཙིར་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་པ་(Al Jazeera)་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཡང་འདི་ཚེས་༡༩་ཉིན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཧོང་ཀོང་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད། བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་གཞུང་ནས་དཔའ་བོའི་རྡོ་རིང་བར་བོད་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།