ཧོང་ཀོང་གི་གནད་དོན་ཐོག་ཨ་རིས་སྲིད་འཛིན་གྱིས་རྒྱ་ནག་ལ་འབོད་སྐུལ།

2019-08-16
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་ངོ་རྒོལ་བ་ཞིག་གིས་ཨ་རིའི་རྒྱལ་དར་བསྟན་ནས་རྒྱབ་སྐྱོར་གྱི་རེ་བ་བསྟན་པ། ༢༠༡༩།༨།༡༦
ཧོང་ཀོང་ནང་ངོ་རྒོལ་བ་ཞིག་གིས་ཨ་རིའི་རྒྱལ་དར་བསྟན་ནས་རྒྱབ་སྐྱོར་གྱི་རེ་བ་བསྟན་པ། ༢༠༡༩།༨།༡༦
AFP

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཧོང་ཀོང་གི་ངོ་རྒོལ་བ་དང་མཇལ་འཕྲད་གནང་དགོས་པ་ཨ་རིའི་སྲིད་འཛིན་(Trump)་མཆོག་གིས་སྐུལ་མ་གནང་འདུག
ཧོང་ཀོང་དང་རྒྱལ་སྤྱིའི་མི་མང་རྣམ་པས་ཧོང་ཀོང་གི་གནས་སྟངས་མུ་མཐུད་ནས་ཛ་དྲག་ཇེ་ཆེར་འགྲོ་རྒྱུར་བློ་འཚབ་སྐྱེས་བཞིན་པའི་སྒང་ལ། ཨ་རིའི་སྲིད་འཛིན་ཊོམ་ཕུ་(Trump)་མཆོག་གིས་འདི་ཚེས་༡༥་ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཧོང་ཀོང་གི་ངོ་རྒོལ་བར་མཇལ་འཕྲད་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
དེ་ཡང་སྲིད་འཛིན་ཊོམ་ཕུ་ཡིས། གལ་ཏེ་སྲིད་འཛིན་ཞི་ཅིན་ཕེང་གིས་ཧོང་ཀོང་གི་ངོ་རྒོལ་བར་མཇལ་མོལ་གནང་བ་ཡིན་ན། ཧོང་ཀོང་གི་གནད་དོན་མི་རྣམས་ཀྱི་བློ་ཡིད་་ཚིམས་པའི་ཐག་གཅོད་ཞིག་བྱེད་ཐུབ་ངེས་ཡིན་ཞེས་བརྗོད་འདུག
ཧོང་ཀོང་མི་མང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཟླ་གཉིས་ལྷག་ཕྱིན་ཡོད་པ་དང་། ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གྱི་དྲག་པོའི་འགལ་ཟླ་ཇེ་ཆེ་ནས་ཇེ་ཆེ་ཡིན་ཞིང་། ཉེན་རྟོག་པས་ཀྱང་དྲག་གནོན་གྱི་ནུས་ཤུགས་ཇེ་ཆེར་བཏང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་ལྷག་པའི་ཉིན། ཨ་རིས་རྒྱ་ནག་གི་དམག་དཔུང་ཧོང་ཀོང་གི་ས་མཚམས་སུ་སླེབས་པར་དོ་སྣང་ཆེན་པོ་དང་བློ་འཚབ་ཡོད་ཅེས་བརྗོད་ཡོད་པ་རེད།
དེ་མིན་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཊོམ་ཕུ་ཡིས། ཨ་རི་དང་རྒྱ་ནག་བར་ཚོང་དོན་གྲོས་མཐུན་མ་བཞག་གོང་རྒྱ་ནག་གི་འགོ་ཁྲིད་ཚོས་མི་ཆོས་དང་མཐུན་པའི་སྒོ་ནས་ཧོང་ཀོང་གི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་གསུངས་ཡོད་པ་དེ་ནི་སྲིད་འཛིན་ཊོམ་ཕུ་ཡིས་ཚོང་དོན་གྲོས་མོལ་དང་ཧོང་ཀོང་གི་གནད་དོན་གཉིས་གཞི་གཅིག་ཏུ་སྦྲེལ་བར་མི་རྣམས་པས་ངོས་འཛིན་བྱས་ཡོད།
གཞན་ཡང་རོའེ་ཊིར་གྱི་གནས་ཚུལ་ཞིག་ཏུ། ཚེས ༡༥ ཉིན་ རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་འབོར་ཆེན་རྒྱ་ནག་གི་ཧྲན་ཀྲིན་གྲོང་ཁྱེར་གྱི་ལས་རྩལ་ར་བ་ཞིག་ཏུ་འདུས་ཡོད་པ་དང་། དེ་ནས་ཧོང་ཀོང་གི་ས་མཚམས་བར་ན་སྐར་མ་བཅུའི་ལམ་ཐག་མ་གཏོགས་མེད་པ་རེད།
ཧོང་ཀོང་ནང་མི་མང་ཁྲི་ཚོ་མང་པོས་རང་དབང་གི་ཆེད་ལས་འགུལ་མཚམས་མ་ཆད་པར་མུ་མཐུད་དུ་སྤེལ་བཞིན་པའི་ཐོག་ཉེན་རྟོག་པ་དང་ཞི་རྒོལ་པའི་དབར་གདོང་ཐུག་གི་དོན་རྐྱེན་མང་དུ་འགྲོ་བཞིན་པའི་གནས་སྟངས་ཛ་དྲག་གི་ངོ་བོར་འགྱུར་བཞིན་པའི་སྐབས་ཧོང་ཀོང་ནང་གི་འབྱོར་ལྡན་པ་ཆེ་ཤོས་(Lin ka-shing)་ཟེར་བས་གསར་ཤོག་ཁག་འདྲ་མིན་ནང་སྙན་ངག་དང་རི་མོའི་ངོ་བོའི་ཐོག་ནས་ཧོང་ཀོང་ནང་ཆབ་སྲིད་ཀྱི་དྲག་ཟིང་དེ་མཚམས་འཇོག་བྱེད་དགོས་པའི་སྐོར་གོ་རྒྱུ་ཅན་གྱི་དྲིལ་བསྒྲགས་སྤེལ་ཡོད་པར་མི་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།