ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དུ་བསྐྱར་བདམས།


2016-12-01
Share
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གནད་ཡོད་མི་སྣ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྐབས། ༢༠༡༦།༦།༡༤ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གནད་ཡོད་མི་སྣ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྐབས། ༢༠༡༦།༦།༡༤
ཀླུ་འབུམ།/RFA

བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་མཁན་ལྕམ་ནན་སེ་ཕེ་ལོ་སེ་མཆོག་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དུ་བསྐྱར་བདམས་བྱུང་འདུག
བོད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་མཁན་ལྕམ་ནན་སེ་ཕེ་ལོ་སེ་ Nancy Pelosi་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འགོ་ཁྲིད་དུ་བསྐྱར་དུ་འོས་འདེབས་བྱུང་འདུག
དེ་ཡང་ཟླ་༡༡་ཚེས་༣༠་ཉིན་འོས་བསྡུ་བྱས་པའི་ནང་ལྕམ་ནན་སེ་ཕེ་ལོ་སེ་Nancy Pelosi་ལ་རྒྱབ་སྐྱོར་གྱི་འོས་གྲངས་༡༣༤་དང་། ཁོང་གི་ཁ་གཏད་སྐུ་ཞབས་Tim Ryan་ལ་འོས་གྲངས་ ༦༣་ཐོབ་སོན་བྱུང་ཏེ་ལྕམ་Nancy Pelosi་མཆོག་གྲོས་ཚོགས་འོག་མའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དུ་བསྐྱར་དུ་བསྐོ་འདེམས་བྱུང་བའི་རྗེས། ཁོང་གིས་དྲ་རྒྱ་བརྒྱུད་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམ་པས་ངོས་རང་བསྐྱར་དུ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་ཁྲིད་དུ་འོས་འདེམས་གནང་བར་དགའ་སྤོབ་ཆེན་པོ་བྱུང་ཅེས་གསུངས་འདུག
ད་ལྟ་དགུང་གྲངས་༧༦་ལ་ཕེབས་ཡོད་པའི་ལྕམ་ནན་སེ་ཕེ་ལོ་སེ་Nancy Pelosi་མཆོག་ནི་ཨ་རིའི་ནུབ་ཕྱོགས་ཀ་ལི་ཧྥོར་ནི་ཡ་མངའ་སྡེ་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན་ཅིང༌། ཁོང་ཕྱི་ལོ་༢༠༠༧་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བུད་མེད་འོས་འདེམས་བྱུང་བ་ཐོག་མ་ཆགས་པ་ནི་ལོ་རྒྱུས་རང་བཞིན་ཞིག་ལ་བརྩི་ཡི་ཡོད་པ་རེད།
ཁོང་མོ་ནི་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་མཁན་ཞིག་ཡིན་པ་ལྟར། ཕྱི་ལོ་༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་ཆེད་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་གི་ལྷན་དུ་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་དང་བོད་མི་ཚོར་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་མ་ཟད། ཡང་ལོ་སྔོན་མའི་ནང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་འགའ་ཤས་ཀྱི་ལྷན་དུ་བོད་ནང་གཟིགས་སྐོར་དུའང་ཕེབས་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།