བླ་རུང་སྒར་གྱི་མི་འབོར་དང་ཁང་པ་ཚོད་འཛིན་ཕྱིར་འཐེན་བྱེད་དགོས།


2016-06-10
Share
གསེར་རྟ་བླ་རུང་སྒར། ༢༠༡༦།༦ གསེར་རྟ་བླ་རུང་སྒར། ༢༠༡༦།༦
བོད་འབྱོར།

རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་སྤྱིའི་མི་འབོར་ལ་ཚོད་འཛིན་བྱས་ཏེ་ འདི་ལོ་ཁོ་ནར་གྲྭ་བཙུན་མི་གྲངས་༡༢༠༠་ཕྱིར་འཕུད་དང་། བཞུགས་ཤག་ཁང་པ་༡༥༠༠་གཏོར་གཤིག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་དེ་དག་འཕྲལ་མར་ཕྱིར་འཐེན་བྱ་དགོས་པའི་སྐོར་Human Rights Watch་འམ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ནན་སྐུལ་བྱས་འདུག།
འདི་ཚེས་༩་ཉིན། ཨ་རིའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་མི་འབོར་དང་། ས་ཁང་ལ་ཚོད་འཛིན་བྱ་རྒྱུའི་ཐག་གཅོད་དེ་ཕྱིར་འཐེན་བྱ་དགོས་པ་དང་། གལ་ཏེ་བླ་རུང་སྒར་ལ་འཛུགས་བསྐྲུན་དང་འབྲེལ་བའི་དཀའ་ངལ་ཡོད་ཚེ། རྒྱ་ནག་དབུས་གཞུང་དང་ཞིང་ཆེན་གཉིས་ཀའི་ཐོག་ནས་བླ་རུང་སྒར་གྱི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ལྷན་དང་གྲོས་མོལ་གྱི་ལམ་ནས་སྒྲིག་འཛུགས་ཡོང་ཐབས་གནང་དགོས་པའི་སྐོར་སྐུལ་མ་གནང་འདུག
འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་རྒྱ་ནག་ལས་དོན་གྱི་འགན་འཛིན་ལྕམ་Sophie Richarson་ལགས་ཀྱིས། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་གི་དགོན་སྡེ་དང་། ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་གི་གཞི་རྒྱ་ཆེ་ཆུང་དགོས་སྐོར་ཐག་གཅོད་དང་ཐེ་ཇུས་བྱ་རྒྱུའི་ཚབ་ལ་ཆོས་དད་རང་དབང་ནང་མང་ཚོགས་ཀྱི་ཆོས་འདེམས་ཁ་བྱ་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ་དགོས་པ་གསུངས་འདུག།
ལྕམ་Sophie Richardson་གིས་མུ་མཐུད་གསུངས་པར། གལ་ཏེ་གཞུང་ཕྱོགས་ནས་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་ནང་གྲ་བཙུན་དང་སྤྱིའི་མི་འབོར་མང་དྲག་པའི་དཀའ་ངལ་མཐོང་གི་ཡོད་ཚེ། དཀའ་ངལ་སེལ་ཐབས་ཡག་ཤོས་དེ་བོད་མི་དང་ནང་པ་ཚོ་ལ་དགོན་སྡེ་གྲྭ་ཚང་གསར་པ་རྒྱག་རྒྱུའི་ཐོབ་ཐང་སྤྲོད་རྒྱུ་དེ་ཡིན་པ་གསལ་འདོན་གནང་འདུག
འདི་ལོ་རྒྱ་ནག་ནང་སྐབས་༦་པའི་བོད་ཁུལ་ལས་སྒྲུབ་པའི་གྲོས་མོལ་ཚོགས་འདུ་ཞེས་པ་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཞེས་པ་གཉིས་ཀྱི་ཐོག གསེར་རྟ་བླ་རུང་སྒར་གྱི་མི་འབོར་དང་ས་ཁང་ལ་ཚོད་འཛིན་བྱ་དགོས་པའི་ཐག་གཅོད་གཏན་འབེབས་བྱས་ཡོད་པ་རེད།
དེ་ལྟར་ལག་བསྟར་ཆེད་ཉེ་ཆར་གཞུང་འབྲེལ་གྱི་བརྡ་ཁྱབ་བཏང་བའི་ནང་། ༢༠༡༧་ཟླ་༩ ཚེས་༣༠་ནང་ཚུད། བླ་རུང་སྒར་ནང་བསྟན་སློབ་གླིང་གི་གྲྭ་བཙུན་དང་སྤྱིའི་གྲངས་འབོར་ ༥༠༠༠་བར་ཚོད་འཛིན་བྱས་ཏེ། འདི་ལོ་ཁོ་ནར་གྲྭ་བཙུན་གྲངས་༡༢༠༠་ཕྱིར་འཕུད་གཏོང་རྒྱུ་དང་། དེའི་ནང་ཉུང་མཐར་ཞིང་ཆེན་གཞན་ནས་ཡིན་པའི་མི་གྲངས་༦༠༠་ཡོད་དགོས་པ་དང་། དེ་བཞིན་༢༠༡༣་ནས་ད་ལྟའི་བར་ཕྱིར་འཕུད་བཏང་བའི་གྲྭ་བཙུན་གྱི་ཁང་པ་དང་། ཁྲིམས་འགལ་གྱིས་གསར་རྒྱག་བྱས་པའི་ཁང་པ་སོགས་ཁྱོན་ཁང་པ་༡༥༠༠་འདི་ལོའི་ཕྱི་ཟླ་ ༡༠་ཚེས་༣༠་ཡར་སྔོན་དུ་གཏོར་བཤིག་ཟིན་དགོས་པ་སོགས་གསལ་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།