རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བསྟུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བགྲོ་གླེང་།

2021-03-04
Share
རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བསྟུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བགྲོ་གླེང་། རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བསྟུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དྲ་ལམ་ནད་ཟུར་ཚོགས་བགྲོ་གླེང་སྐབས། ༣།༢༠༢༡
དྲ་བཤུས།

སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༤༦ཚོགས་བཞིན་པ་དང་བསྟུན། ཟུར་ཚོགས་ཀྱི་ཆ་ཤས་སུ་སུད་སི་དོན་གཅོད་ཁང་གིས་དྲ་ལམ་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བགྲོ་གླེང་གནང་འདུག
དེ་ཡང་འདི་ཚེས་༡རེས་གཟའ་ཟླ་བའི་ཉིན། བགྲོ་གླེང་ཚོགས་འདུ་དེའི་གཙོ་སྐྱོང་སུད་སིའི་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་གནང་ཡོད་པ་དང་། སྐལ་ལྡན་མཚོ་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། བགྲོ་གླེང་དེར་བོད་དང་། ཤར་ཏུར་ཀིསུ་ཐན་སྐོར་ཉམས་ཞིབ་གནང་མཁན་(Adrian Zenz)ལགས་དང་། བོད་དོན་སྐོར་ཆེད་མཁས་དང་རྩོམ་པ་པོ་(Kate Saunders)ལགས། སུད་སིའི་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གསུང་བཤད་གནང་ཡོད་པ་རེད།
ཉམས་ཞིབ་པ་(Adrian Zenz)ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྩ་མེད་གཏོང་རྒྱུར་དམིགས་པའི་སྲིད་བྱུས་ལག་བསྟར་དང་འཆར་གཞི་འཐེན་བཞིན་པ་ཁག་གསལ་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་མི་མང་རྣམས་ལ་དམག་གི་སྦྱོང་བརྡར་ལྟ་བུའི་ངལ་རྩོལ་ལ་བཀོལ་བཞིན་པ་དེ་དག་ནི་ངལ་རྩོལ་བསྒྱུར་བཀོད་དངོས་དང་ཁྱད་པར་གང་ཡང་མེད་སྐོར་གསུངས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་ས་ཁུལ་དུ་ཉམས་ཞིབ་གནང་སྐབས། རྒྱ་ནག་གཞུང་ནས་ལྟ་བ་དང་བསམ་བློ་བཅོས་བསྒྱུར་ཟེར་བའི་མིང་ཐོག་ནས་བོད་མི་དེ་དག་ལ་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་བརྩི་སྲུང་དང་། རྒྱ་སྐད་དང་རྒྱ་ཡིག་སྦྱོང་བཅུག་པ་དེ་དག་དམག་སྦྱོང་ལྟ་བུ་བྱེད་དུ་འཇུག་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་རྩོམ་པ་(Kate Saunders)ལགས་ཀྱིས། ཉེ་དུས་རྒྱ་ནག་གཞུང་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་ངོ་༢༡རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་དཀོན་མཆོག་སྦྱིན་པ་ལགས། བཙོན་འཇུག་བྱས་བའི་དུས་ཡུན་རིང་རྡུག་རྡེག་མནར་གཅོད་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་གསུངས་པ་དང་། དཀོན་མཆོག་སྦྱིན་པ་ལགས་ཀྱི་གནད་དོན་ལས་རྒྱ་ནག་གཞུང་གིས་བོད་ནང་གི་གནས་ཚུལ་ཕྱིར་བསྒྲགས་ཐོག་དམ་བསྒྲགས་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོ་མངོན་ཐུབ་ཅེས་གསུངས་ཡོད་པ་རེད།
ཡང་ཉེ་དུས་རྒྱ་ནག་གཞུང་གིས་བོད་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་དཔེ་མཚོན་གསལ་ཤོས་དེ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པའི་ཐད། འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་གཞུང་ནས་བཤད་པའི་བོད་ནང་གི་ཡར་རྒྱས་ཟེར་བ་དེ་དག་ནི། བོད་ནང་གཉའ་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱུས་ངན་གསར་པ་ཞིག་ཡིན་པའི་སྐོར་སོགས་གསུངས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་འབྲེལ་གང་ཡིན་པ་གསལ་འདོན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།