བལ་ཡུལ་ནང་བོད་མི་ངོ་རྒོལ་བྱེད་མཁན་༤༥༠འཛིན་བཟུང་བྱས་འདུག།

བལ་པོའི་ཉེན་རྟོག་པས་བོད་མི་ངོ་རྒོལ་བྱེད་མཁན་ཐོག་རྒྱུགས་པས་ཉེས་རྡུང་བཏང་བ་མ་ཟད་བོད་མི་༤༥༠འཛིན་བཟུང་བྱས་ཡོད་འདུག

2008-06-07
Share

༄༅༎བལ་ཡུལ་ནང་གི་བོད་མི་ཚོས་དེ་རིང་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་ངོ་རྒོལ་བྱེད་མཁན་ཐོག་རྒྱུགས་པས་ཉེས་རྡུང་བཏང་བ་མ་ཟད། བོད་མི་༤༥༠ འཛིན་བཟུང་བྱས་ཡོད་པའི་སྐོར་བལ་པོའི་དཔོན་རིགས་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསུངས་ཡོད་པ་རེད།

ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་༥༠༠ ཙམ་ཞིག་ཡོད་པ་དང་ དེའི་ནང་ནས་མང་ཆེ་བ་དགེ་འདུན་པ་དང་བཙུན་མ་ཡིན་ཞིང༌། ཁོང་རྣམས་བལ་པོའི་ཉེན་རྟོག་པས་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཡོད་པ་དང་། བལ་པོའི་ཉེན་རྟོག་དཔོན་རིགས་སྦ་རཊེ་ལཱ་མ་ཞུས་བས། བོད་མི་ངོ་རྒོལ་བྱེད་མཁན་ཚོས་ཉེན་རྟོག་པས་ཇི་ཙམ་ཉེན་བརྡ་གཏོང་མིན་ལ་མ་ལྟོས་པར་ཆོག་ཆན་མེད་པའི་ས་ཆ་འགལ་ཏེ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་སྤེལ་ཐབས་བྱས་པར་བརྟེན་ཉེས་རྡུང་བཏང་བ་དང་འཛིན་བཟུང་བྱས་པའི་སྐོར་དང་ ཁོང་རྣམས་དེ་རིང་ཕྱི་དྲོ་གློད་འགྲོལ་གཏང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།

ཕཱ་རན་སི་གསར་འགོད་པས་གསུངས་ན། བལ་པོའི་ཉེན་རྟོག་པས་བོད་མི་ངོ་རྒོལ་བྱེད་མཁན་རྣམས་དྲུད་པ་དང་རྡོག་རྒྱག་ཞུས་པ། རྒྱུག་པ་ཞུས་ཏེ་ཉེན་རྟོག་པའི་མོ་ཊ་སྒུག་སྡོད་བྱེད་པའི་ནང་བླུགས་ཏ་ཁྲིད་ཡོད་པའི་སྐོར་གསུངས་ཡོད་པ་རེད། བལ་ཡུལ་ནང་གི་བོད་མི་ཚོས་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཉི་མོ་ནས་འགོ་བཙུགས་ཏེ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ལག་བསྟར་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཉིན་ལྟར་བཞིན་གོ་སྒྲིག་བྱེད་བཞིན་ཡོད་པ་དང་ཡིན་ནའང་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་བར་བརྟེན་ནས་གནས་སྐབས་ཤིག་མཚམས་འཇོག་བྱས་ཡོད་ཀྱང་གཟའ་འཁོར་འདིའི་ནང་བསྐྱར་དུ་ངོ་རྒོལ་ལས་འགུལ་འགོ་བཙུགས་གནང་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།