བོད་ནང་མཚོ་དང་གཙང་པོའི་ཆུ་རྒྱས་པའི་རྐྱེན་གྱིས་ཆུ་ལོག་ཡང་ཡང་ཡོང་བཞིན་པས་བལ་ཡུལ་དང་རྒྱ་གར་ནང་ཆུ་ལོག་ཡོང་ཉེན་ཡོད་པའི་སྔོན་བརྡ་རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱེད་ཀྱི་མེད་པ་དེར་རྒྱ་གར་དང་བལ་ཡུལ་གཉིས་ཀར་སེམས་ཁྲལ་ཡོང་གཞི་ཆགས་ཡོད་འདུག
དེ་ཡང་BBC་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བར་ལྟར་ན། བོད་ནང་འཁྱག་རོམ་བཞུར་ནས་མཚོ་དང་གཙང་བོ་རྒྱས་པའི་གནས་ཚུལ་སྐོར་རྒྱ་ནག་གི་ཕྱོཊ་ནས་སྔོན་བརྡའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཧ་ཅང་སྐྱོ་བོ་ཡིན་པ་དེས་རྒྱ་གར་དང་། བལ་ཡུལ་གཉིས་ནང་ཆུ་ལོག་གི་ཉེན་ཁར་སྔོན་འགོག་གི་གྲ་སྒྲིག་བྱེད་ཐུབ་ཀྱི་མེད་པ་མ་ཟད། དེང་སྐབས་བོད་ནང་དུ་གངས་རུད་དང་། རི་ཉིལ་ནས་གཙང་ཆུ་བཀག་སྐྱིལ་དང་། འཁྱག་རོམ་གས་པ་སོཊ་ཀྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་དག་གིས་བལ་ཡུལ་དང་རྒྱ་གར་ནང་ཆུ་ལོག་གི་ཉེན་ཁ་ཆེ་རུ་ཕྱིན་ཡོད་འདུག
ཡང་རྒྱ་ནག་གི་ཚན་རིག་པ་ཚོས་བརྗོད་པར་གཞིགས་ན། བོད་ནང་གི་འཁྱག་རོམ་བཞུར་ཚད་ཧ་ཅང་ཆེ་རུ་ཕྱིན་ཡོད་པ་དང༌། ཉེ་བའི་ཆར་ཞིབ་འཇུག་གིས་ཤེས་རྟོག་བྱུང་བའི་ནང་། བོད་ནི་འཛམ་གླིང་སྟེང་ཆུ་རྒྱས་པའི་ཚད་གཞི་མཐོ་ཤོས་ཀྱི་གྲས་ཡིན་པ་གསལ་ཐོན་བྱུང་ཡོད་པར་བརྟེན། བོད་ནང་འཁྱག་རོམ་གས་པ་དང༌། མཚོ་དང་གཙང་ཆུ་རྒྱས་པའི་གནས་ཚུལ་སྐབས་འཕྲལ་སོ་སོར་ལམ་སེང་རྒྱ་ནག་གཞུང་གིས་ལན་བརྡ་སྤྲོད་ཀྱི་མེད་པ་དེ་ཡིས། བོད་ཀྱི་ལྷོ་ཕྱོགས་སུ་ས་དམའ་སར་ཡོད་པའི་རྒྱལ་ཁབ་འབྲུག་དང་། བལ་ཡུལ། རྒྱ་གར། བྷང་ལ་ཌེ་ཤི་བཅས་པའི་ནང་ཆུ་ལོག་གི་ཉེན་ཁར་གདོང་ལེན་བྱེད་པའི་གྲ་སྒྲིག་སྔོན་ཚུད་ནས་བྱེད་མ་ཐུབ་པར་མི་རྒྱུ་གཉིས་ལ་ཚབས་ཆེའི་གོད་ཆག་ཕོག་པའི་གནས་ཚུལ་ཡོང་གི་ཡོད་པའི་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་རྡོ་རྗེ་མཚོ།