རྒྱ་གར་གཞུང་གིས་བོད་རང་བཙན་རྒྱལ་ཁབ་ཡིན་པ་གསལ་བསྒྲགས་གནང་དགོས་པའི་བསམ་ཚུལ་བཏོན་མཁན་མང་པོ་འདུག

2023.09.04
རྒྱ་གར་གཞུང་གིས་བོད་རང་བཙན་རྒྱལ་ཁབ་ཡིན་པ་གསལ་བསྒྲགས་གནང་དགོས་པའི་བསམ་ཚུལ་བཏོན་མཁན་མང་པོ་འདུག རྒྱ་ནག་གིས་སྤེལ་བའི་ས་ཁྲ་དང་རྒྱ་གར་གྱི་ས་ཁྲ།
དྲ་བཤུས་དང་སྒྲིག་བཟོ།

འཕགས་བོད་ས་མཚམས་ཐད་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་རྩོད་རྙོག་རིམ་པ་བྱུང་བཞིན་ཡོད་པའི་ཐོག ཉེ་ལམ་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། ༢༠༢༣ལོར་བསྐྱར་བཅོས་བྱས་པའི་རྒྱ་ནག་གི་ཚད་ལྡན་ས་ཁྲ་ཟེར་བ་ཞིག་ཡོངས་གྲགས་སྤེལ་བའི་ནང་། རྒྱ་གར་གྱི་ཨ་རུ་ནཱ་ཅལ་དང་ལ་དྭགས་(Aksai Chin)་བཅས་ས་ཁུལ་གཉིས་རྒྱ་ནག་གི་ས་ཁོངས་སུ་བཅུག་ཡོད་པ་རེད། དེའི་ཐད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(S. Jaishankar)་ལགས་ཀྱིས། གནད་དོན་དེ་དང་འབྲེལ་བའི་སྐོར་གསར་འགོད་པར་ལན་འདེབས་གནང་བའི་ནང་། རྒྱ་གར་གྱི་ངོས་ནས་ད་རེས་རྒྱ་ནག་གིས་བཏོན་པའི་ཁུངས་ལྡན་མིན་པའི་ས་ཁྲ་གསར་པ་དེ་ཁས་ལེན་ཞུ་ཐབས་བྲལ་ཞིང་། པེ་ཅིན་གཞུང་གིས་ཨ་རུ་ནཱ་ཅལ་དང་། (Aksai Chin)་གཉིས་༡༩༦༢ལོའི་དམག་འཁྲུག་སྐབས་རྒྱ་ནག་གི་དབང་བསྒྱུར་བྱས་ཡོད་ཚུལ་བརྗོད་ཀྱི་ཡོད་ཅེས་དང་། སྤྱིར་རྒྱ་ནག་གིས་ས་ཁྲ་གསར་བཟོ་རིགས་བྱས་པ་ནི་གོམས་གཤིས་རྙིང་པ་ཞིག་ཡིན་པ་མ་ཟད། དེ་ལྟར་བྱས་པ་ཡིན་ནའང་། རྒྱ་གར་གྱི་ས་ཁོངས་ལ་བསྒྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
དེའི་ཐད་དེ་སྔོན་༡༩༩༩ལོར་ཀར་གྱིལ་(Kargil War)་དམག་འཁྲུག་སྐབས་རྒྱ་གར་གྱི་དམག་སྤྱི་(General Ved Prakash Malik)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་རྒྱ་གར་ལ་ཉེན་ཁ་བཟོ་སྟེ། ཁ་གཏད་དུ་ལངས་པ་དེར། རྒྱ་གར་གྱི་ངོས་ནས་ཡ་ལན་བྱེད་རྒྱུའི་དུས་ལ་བབ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་པའི་གནད་དོན་ཐོག་བསྐྱར་ཞིབ་བྱས་ཏེ། ༡༩༥༠ལོའི་གོང་ལ་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་རྒྱབ་སྐྱོར་བྱེད་རྒྱུའི་དུས་ལ་སླེབས་ཡོད་ཅེས་དང་། གལ་ཏེ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་མེད་ན། འཕགས་བོད་གཉིས་ཀྱི་ས་མཚམས་དེ་ཡང་ཞི་བདེ་བག་ཕེབས་ངང་གནས་ཡོད་ལ། ཕྱོགས་གཉིས་ཀྱི་དབར་རིག་གཞུང་གི་ཆ་ནས་དམིགས་བསལ་འབྲེལ་བ་བྱུང་ཡོད། མདོར་ན། རྒྱ་དཀར་ནག་གཉིས་དབར་བཟང་ཕྱོགས་ཀྱི་འབྲེལ་བ་ཞིག་ཡོང་བར་བོད་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་གསུངས་བྱུང་།
སྤྱི་ལོ་༢༠༠༣ལོར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་(Atal Bihari Vajpayee)་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཏེ། བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་གསལ་བསྒྲགས་སྤེལ་ཡོད་པ་དེ་ནི་གཙོ་བོ་ས་མཚམས་ཀྱི་རྩོད་རྙོག་རྣམས་ཞི་འཇམ་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་ནའང་། དེ་ལས་སྡོག་སྟེ། ༢༠༢༠ལོར་ལ་དྭགས་གྷལ་ཝང་ལུང་གཤོངས་སུ་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠རྐྱེན་ལམ་ཤོར་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ༢༠༢༢ལོའི་ཟླ་མཇུག་ཏུ་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་ས་ཁུལ་ནང་ཆགས་པའི་མཐའ་མཚམས་ས་ཐིག་(LAC)་ཏུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་དབར་གདོང་ཐུག་བྱུང་ཡོད་པ་རེད།
ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་(Kanwal Sibal)་ལགས་ཀྱིས། རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་ཁ་གསལ་བཟོ་རྒྱུའི་དུས་ལ་བབ་ཡོད། ང་ཚོས་བྱེད་ཐུབ་པ་ཞིག་ནི། ས་ཁྲ་གསར་པ་ཞིག་སྤེལ་ཏེ་བོད་དེ་བཞིན་རང་བཙན་ཡིན་པ་གསལ་སྟོན་བྱེད་མ་ཐུབ་ན་ཡང་། བོད་ཆེན་པོ་(The Greater Tibet)་འབུར་ཐོན་གནང་བའི་ས་ཁྲ་ཞིག་སྤེལ་དགོས་ཅེས་དང་། ཕྱོགས་གཞན་ཞིག་ནི། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་སླེབས་ལ་ཉེ་བའི་དུས་སྐབས་དེར་རྒྱ་ནག་གིས་ས་ཁྲ་དེ་བཏོན་པ་དེ་ནི་རྩོད་རྙོག་ཅན་གྱི་ས་མཚམས་ས་ཁུལ་གོ་བསྡུར་བྱེད་རྒྱུའི་འདུན་པ་མེད་པ་གསལ་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་དེའི་ཐད་ཐེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(Taiwan-Asia Exchange Foundation)་གི་རྒྱ་ནག་ཐོག་ཉམས་ཞིབ་པ་པ་ས་ན་ཧཤ་མི་(Sana Hashmi)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་གནད་དོན་དེ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་གསལ་ལ། “སྤྱི་ལོ་༢༠༢༠ལོ་ནས་བཟུང་རྒྱ་གར་ངོས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་མུས་ཡིན་ཞེས་དང་། ད་རེས་འདོན་སྤེལ་གནང་བའི་ས་ཁྲ་དེ་ནི་ལྡི་ལི་གསར་པའི་བསམ་ཡུལ་ལས་འདས་པ་ཞིག་རེད། ང་ཚོས་ངོས་ནས་རྒྱ་གར་གྱི་འཕྲད་མ་ཐག་ཏུ་གཅིག་མཚུངས་ཀྱི་ཡ་ལན་སློག་པའི་རེ་བ་བྱེད་ཀྱི་མེད་ཀྱང་། རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་དེ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གི་ཁྲིམས་མཐུན་མིན་པའི་ས་ཁྲ་བཟོ་བ་དེ་ནི་རྒྱལ་ཁབ་ནང་ཁུལ་གྱི་ཕྱི་འབྲེལ་ལ་གནོན་འཚེ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་བཏོན་པའི་ས་ཁྲ་གསར་པའི་ནང་། ཐེ་ཝན་ཚུད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་ཤས་ཁག་ཅིག་བཅུག་སྟེ་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གསལ་སྟོན་བྱས་འདུག་པ་མ་ཟད། རྒྱ་ནག་གི་ལྷོ་ཕྱོགས་སུ་ཆགས་པའི་ཝེ་ཏི་ནམ་དང་ཕྷི་ལི་པེན། མ་ལེ་ཤ་ཡ། དེ་བཞིན་སྦུ་རུ་ནཱའེ་(Brunei)་རྒྱལ་ཁབ་བཅས་ཀྱིས་རྒྱ་ནག་གཞུང་གིས་ཁུངས་ལྡན་མིན་པའི་ས་ཁྲ་སྤེལ་བར་ངོ་རྒོལ་སྐྱོན་བརྗོད་བྱས་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་དབྱིངས་སྐྱིད་ལགས་ཡང་བསྐྱར་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎