རྒྱ་ནག་གིས་ས་མཚམས་དམག་མི་བཞི་ལ་སྲོག་སྐྱོན་བྱུང་བ་ངོས་ལེན་བྱས་འདུག

2021-02-19
Share
རྒྱ་ནག་གིས་ས་མཚམས་དམག་མི་བཞི་ལ་སྲོག་སྐྱོན་བྱུང་བ་ངོས་ལེན་བྱས་འདུག རྒྱ་གར་གྱི་མཐའ་སྲུང་དམག་མི།
ཨེ་ཨེཕ་པི།

༢༠༢༠ ཕྱི་ཟླ་ ༦ ཚེས་ ༡༥ ལ་དྭགས་ཀྱི་གྷལ་ཝན་(Galwan)ལུང་གཤོངས་སུ་རྒྱ་གར་དང་རྒྱ་ནག་གི་ས་སྲུང་དམག་མིའི་དབར་འཐབ་རྒོལ་གྱི་དོན་རྐྱེན་ནང་རྒྱ་ནག་གི་དམག་མི་བཞི་འདས་གྲོངས་སུ་གྱུར་དང་རུ་དཔོན་གཅིག་ལ་རྨས་སྐྱོན་ཕོག་ཡོད་ལུགས་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ཉིན་རེའི་གསར་ཤོག་དང་རྒྱ་ནག་གི་གོ་ལའི་དུས་བབས་ཐོག་བཀོད་སྤེལ་བྱས་ཡོད་ན་ཡང་།

རྒྱ་གར་གྱི་བཅོས་མའི་འཁོར་སྐར་བརྒྱུད་དམག་དོན་ཉམས་ཞིབ་གནང་མཁན་སྐུ་ཞབས་ཝི་ནཱ་ཡཀ་ བྷཊ་(Vinayak Bhat)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་གནས་ཚུལ་ངོ་མ་སྦས་སྐུང་དང་སྐྱག་རྫུན་བཤད་བཞིན་པ་ལས། དོན་དངོས་ཐོག་རྒྱ་ནག་གི་དམག་མི་དེ་ལས་མང་བ་ཤི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཁོང་གིས་རྒྱ་ནག་གཞུང་གིས་དམག་མི་གྲངས་བཞི་ཁོ་ན་རྐྱེན་ལམ་དུ་ཤོར་པ་དང་རུ་དཔོན་གཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ལུགས་བཤད་པ་དེ་བདེན་པ་མིན་པའི་དཔང་རྟགས་ནི། སྐབས་དེར་ཨཀ་ས་ཆིང་རི་བརྒྱུད་ཀྱི་བྱང་ཕྱོགས་སུ་ང་ཚོས་རྒྱ་ནག་གི་དམག་མི་ཤི་བའི་ཕུང་པོ་སྦས་ཡུལ་མི་འདྲ་བ་ལྔ་ཡོད་པ་མཐོང་ཡོད་པས་ཉུང་མཐར་ཁོང་ཚོའི་དམག་མི་ལྔ་ཤི་བ་གསལ་བོ་ཆགས་ཡོད་ཅེས་དང་།  ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་ཡོངས་གྲགས་ཚད་ལྡན་དུ་བརྩིས་སྲོལ་ཡོད་པ།TASSགི་བརྒྱུད་ལམ་དུའང་རྒྱ་ནག་དམག་མི་༤༥རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཐོན་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་རྒྱ་མིའི་དམག་མི་བཞི་ལས་འདས་གྲོངས་སུ་གྱུར་མེད་ལུགས་བརྗོད་པ་དེ་ནི་གཞན་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་གསུངས་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནང་རྒྱ་གར་དང་རྒྱ་ནག་གི་དམག་མིའི་དབར་འཁྲུག་རྩོད་བྱུང་རྐྱེན་ནི་རྒྱ་གར་དམག་མི་ས་མཚམས་བརྒལ་བ་ལ་བརྟེན་ནས་ཡིན་ལུགས་བརྗོད་ཡོད་པ་དེ་ཡང་། ཉམས་ཞིབ་པ་ཝི་ནཱ་ཡཀ་བྷ་ཊ་ལགས་ཀྱིས་བདེན་པ་མིན་པར་གནད་དོན་དེ་རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་བཙན་བཟུང་བྱས་པ་ལས་བྱུང་བ་ཡིན་པ་གསུངས་པ་དང་སྦྲགས།  རྒྱ་གར་མི་དམངས་ཀྱི་སེམས་ནང་རྒྱ་ནག་ནི་རྒྱ་གར་དགྲ་བོ་ཨང་དང་པོར་ངོས་འཛིན་བྱེད་བཞིན་ཡོད་པ་གསུངས་འདུག

གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཆེད་ལས་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་ལྟ་གསལ་བཤད་འདི་འདྲ་ཞིག་བྱེད་དགོས་དོན་ནི་རྒྱ་ནག་གཞུང་རང་ཉིད་དྲང་པོ་ཡིན་མདོག་མདོག་དང་།གཉིས་ནས་རྒྱ་ནག་མི་དམངས་ནང་སོ་སོའི་གཞུང་ལ་ཡིད་ཆེས་བསྐྲུན་ཆེད་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་དང་རྒྱ་གར་གྱི་མཐའ་སྲུང་དམག་མིའི་དབར་༢༠༢༠ལོའི་ཕྱི་ཟླ་༥པའི་ཚེས་༥ ཉིན་ལ་དྭགས་སྤང་གོང་མཚོའི་འགྲམ་བརྒྱུད་དུ་གདོང་ཐུག་དང་།ཡང་ཕྱི་ཟླ་༥པའི་ཚེས་༩ ཉིན་རྒྱ་གར་འབྲས་ལྗོངས་ཀྱི་ནག་པོ་ལ་ས་ཁུལ་དུ་གདོང་ཐུག  ཕྱི་ཟླ་༦པའི་ཚེས་༡༥ནས་གྷལ་ཝན་ལུང་གཤོངས་སུ་གདོང་ཐུག་ཚབས་ཆེན་གྱིས་སྐབས་དེ་དུས་རྒྱ་གར་གྱི་དམག་མི་ཉི་ཤུ་རྐྱེན་ལམ་དུ་སོང་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ནང་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་ཛ་དྲག་གི་དཀའ་ངལ་སེལ་ཆེད་གྲོས་མོལ་རིམ་བྱས་ཡོད་ལ། ཉིན་ཤས་སྔོན་ལ་དྭགས་སྤང་གོང་མཚོའི་ཁུལ་ནས་རྒྱ་གར་དང་རྒྱ་ནག་གི་དམག་མི་ཕྱོགས་གཉིས་ཀ་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།