རྒྱ་གར་གཞུང་གིས་འབྲས་ཊོན་ཁྲི་གསུམ་ཙམ་ནང་འདྲེན་བྱ་འཆར།

རྒྱ་གར་གཞུང་གིས་ཕྱི་ཕྱོགས་ནས་འབྲས་ཊོན་ཁྲི་གསུམ་ཙམ་ནང་འདྲེན་བྱ་རྒྱུའི་འཆར་གཞི་ཡོད་པ་ཡིན་འདུག
2009-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་ས་ཁུལ་ཁག་ཅིག་གི་ནང་འདི་ལོ་དབྱར་དུས་ཐེན་པ་ཤུགས་ཆེ་བསྟན་པའི་རྐྱེན་གྱིས་སྟོན་འབྲས་ལ་ཉམས་ཆགས་ཆེན་པོ་བྱུང་སྟབས་རྒྱ་གར་གཞུང་གིས་ཕྱི་ཕྱོགས་ནས་འབྲས་ཊོན་ཁྲི་གསུམ་ཙམ་ནང་འདྲེན་བྱ་རྒྱུའི་འཆར་གཞི་ཡོད་པ་ཡིན་འདུག

ཨ་མི་རི་ཀའི་སོ་ནམ་ལས་དོན་ལྷན་ཁང་གི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་ཉིས་བརྒྱ་ཙམ་ཡོད་པའི་རྒྱ་གར་ནི་འཛམ་གླིང་ནང་འབྲས་ཀྱི་ཐོན་ཁུངས་ཆེ་ཤོས་ཨང་གཉིས་པ་ཡིན་པ་འཁོད་ཡོད་པ་དང་འོན་ཀྱང་འདས་པའི་ལོ་ཤས་ནང་སྟོན་འབྲས་ཧ་ཅང་ཡག་པོ་བྱུང་རྗེས་ཕྱི་ལོ་ཉིས་སྟོང་དགུ་ནས་ཉིས་སྟོང་བཅུ་ལོའི་དུས་ཡུན་རིང་རྒྱ་གར་གྱི་འབྲས་ཀྱི་ཐོན་བབས་ཊོན་ས་ཡ་བཅོ་ལྔ་ནས་ས་ཡ་བཅུ་བདུན་བར་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱས་ཡོད་པ་རེད།

རྒྱ་གར་གཞུང་གིས་གཞུང་གཉེར་སྟོན་འབྲས་ཚོང་ལས་སྤེལ་མཁན་གྱི་སྡེ་ཚན་ཁག་གསུམ་ལ་རྒྱ་གར་ནང་འབྲས་ཊོན་གཅིག་ཁྲི་ཙམ་འཕྲལ་དུ་ནང་འདྲེན་དགོས་པའི་སློབ་སྟོན་གནང་ཡོད་པ་དང་ཕྱི་ཟླ་བཅུ་གཅིག་དང་བཅིུས་པའི་ནང་ཡོངས་སུ་འབྱོར་ཟིན་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག འདི་ནི་གཞུང་གིས་མངགས་ཉོ་བྱེད་པ་ཞིག་ཡིན་པ་ལས་སྒེར་གྱི་ཚོང་པ་ཁག་གིས་འབྲས་ཊོན་འབུམ་བཞི་ཙམ་ནང་འདྲེན་བྱས་ཟིན་པ་ཡིན་འདུག་པ་དང་རྒྱ་གར་གཞུང་གིས་འཆར་ལོའི་ཕྱི་ཟླ་བཅུ་པ་བར་འབྲས་ནང་འདྲེན་བྱ་རྒྱུའི་ཚོང་གི་ཐོག་བཀལ་བའི་ཁྲལ་བརྒྱ་ཆ་བདུན་བཅུ་ཙམ་ཆགས་ཡང་གཏང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་གར་གྱི་ངོས་ནས་འཛམ་གླིང་ཁྲོམ་རྭའི་སྟེང་ནས་འབྲས་ཊོན་ས་ཡ་གསུམ་ཙམ་མངགས་ཉོ་བྱེད་སྲིད་ལུགས་བརྗོད་བཞིན་ཡོད་འདུག

འདི་ལོའི་ཐེན་པ་འདི་ནི་རྒྱ་གར་ནང་འདས་པའི་ལོ་བཞི་བཅུའི་ནང་བསྟན་པའི་ཐེན་པ་སྡུག་ཤོས་དེ་ཡིན་པ་དང་དེའི་ཐོག་ས་ཁུལ་འགའ་ཤས་ནང་ཆར་ཆུ་བབས་དྲག་པའི་རྐྱེན་གྱིས་སྟོན་འབྲས་ཧེཀ་ཊར་ས་ཡ་མང་པོ་བེད་མེད་དུ་གྱུར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།