རྒྱ་གར་གྱིས་རྒྱ་ནག་དང་ངན་འབྲེལ་བྱེད་འདོད་མེད་པ་གསལ་སྟོན།

2016-10-31
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Vikas Swarup་མཆོག 2015
རྒྱ་གར་གྱི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Vikas Swarup་མཆོག 2015
FB/Vikas Swarup

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་ལ་རྒྱ་ནག་གཞུང་ངོས་ནས་སྐྱོན་བརྗོད་བྱེད་བཞིན་པ་དེར། རྒྱ་གར་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་མཁྲེགས་པོ་གསར་པ་ཞིག་འཛིན་རྒྱུའི་རྟགས་མཚན་སྟོན་གྱི་ཡོད་ཅིང་། དེ་ནི་སྲིད་བློན་མོ་དྷིའི་གཞུང་འཛིན་གྱི་ལས་རྟགས་ཆགས་བཞིན་ཡོད་སྐོར་ད་རིང་PTI་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
མོན་རྟ་དབང་ངམ་རྒྱ་གར་བྱང་ཤར་མངའ་སྡེ་Arunachal Pradesh་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དབུས་པའི་ས་གནས་དཔོན་རིགས་དང་མི་མང་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧མགོན་པོ་གང་ཉིད་འཆར་ལོའི་ཕྱི་ཟླ་གསུམ་པའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་བཀའ་བཞེས་ཟབ་མོ་སྩལ་གནང་མཛད་པ་མ་ཟད། རྒྱ་གར་གཞུང་གིས་ཀྱང་ཆིབས་བསྒྱུར་བསྐྱངས་ཆོག་པའི་ཆོག་མཆན་ཕུལ་བར་རྒྱ་ནག་གཞུང་གིས་ངོ་རྒོལ་ཞུས་ཡོད་པ་རེད། ཡིན་ནའི་རྒྱ་གར་གྱི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Vikas Swarup་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་སྟབས་ ཁོང་གང་དུ་ཆིབས་བསྒྱུར་བསྐྱངས་ན་ཡང་རང་དབང་ཡོད་པ་མ་ཟད། ༧མགོན་པོ་གང་ཉིད་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་སྟབས་མོན་རྟ་དབང་ཁུལ་ལ་ཁོང་ལ་དད་གུས་ཞུ་མཁན་མང་པོ་ཡོད་པ་དང་། ཁོང་དེ་སྔ་ཡང་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཟིན་སྟབས་ཡང་བསྐྱར་ཆིབས་བསྒྱུར་བསྐྱངས་འཆར་དེ་དུས་རྒྱུན་དང་མ་འདྲ་བ་གང་ཡང་གཟིགས་ཀྱི་མིན་འདུག་ཅེས་གསུངས་ནས་གང་ལྟར་རྒྱ་ནག་གཞུང་གི་བྱ་ངན་ལ་རྒྱ་གར་གྱིས་མཐུན་འགྱུར་རམ་ངན་འབྲེལ་བྱེད་འདོད་མེད་པའི་རྣམ་པ་གསལ་པོ་སྟོན་འདུག
དེ་ནི་རྒྱ་གར་གཞུང་གིས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོའམ་ངན་ལན་ངན་གྱིས་འཇལ་རྒྱུའི་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་འཛིན་འདོད་ཡོད་པའི་རྟགས་མཚན་གསར་པ་ཞིག་ཡིན་པ་མ་ཟད། དེ་ནི་སྲིད་བློན་Narendra Modi་མཆོག་གི་གཞུང་འཛིན་གྱི་ལས་རྟགས་ཤིག་ཆགས་བཞིན་པ་རེད། རྒྱ་ནག་གཞུང་གིས་པ་ཀིས་ཐན་གྱི་དྲག་སྤྱོད་པ་Masood Azhar་ཐོག་འཛིན་པའི་སྲིད་ཇུས་དང་རྡུལ་ཕྲན་མཁོ་སྤྲོད་བྱེད་མཁན་རྒྱལ་ཁབ་ཁོངས་སུ་རྒྱ་གར་བཞུགས་རྒྱུར་འགོག་རྐྱེན་བཟོས་པ་ཁག་རྒྱ་གར་གྱིས་སེམས་ལ་ཡོད་སྟབས་རྒྱ་ནག་གིས་རྒྱ་གར་མི་དགའ་བཟོས་པའི་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དོན་རྐྱེན་ཡོངས་རྫོགས་བེད་སྤྱོད་བྱས་ཏེ་རྒྱ་གར་དེ་བཞིན་རྒྱ་ནག་གི་རེ་འདོད་སྐོང་མཁན་ཞིག་མིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།