རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་འདུག

2025.01.15
རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་འདུག རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་པ། ༠༡།༡༥།༢༠༢༥
Ministry of Defence, India

རྒྱ་གར་གྱི་མཚོ་དམག་གིས་རྒྱ་གར་རྒྱ་མཚོའི་ནང་གི་རྒྱ་ནག་གི་ཐེ་བྱུས་ཀྱི་གནས་སྟངས་ལ་གདོང་ལེན་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཕྱི་ཟླ་དང་པོའི་ཚེས་ ༡༥ ཉིན་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་ཅིང་། མཚོ་འོག་གྲུ་གཟིངས་དང་དམག་གྲུ་བཅས་དུས་གཅིག་ཏུ་གཏོང་འགོ་བཙུགས་པ་དེས། རྒྱ་ནག་གི་ཐེ་ཇུས་གནས་སྟངས་ཤུགས་ཆེན་པོ་ཡོད་པའི་སྐབས་འདིར། རྒྱལ་ཁབ་ཀྱི་ཚོང་འབྲེལ་བརྒྱུད་ལམ་བརྒྱ་ཆ་༩༥ འགྲུལ་བཞུད་བྱེད་སའི་རྒྱ་གར་རྒྱ་མཚོའི་ས་ཁུལ་སྲུང་སྐྱོབ་བྱེད་རྒྱུའི་གལ་ཆེའི་རང་བཞིན་མཚོན་གྱི་ཡོད་པར་གནད་དོན་དབྱེ་ཞིན་པ་ཚོས་ངོས་འཛིན་བྱེད་ཀྱི་འདུག
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིང་གིས། ཨེཊ་ལན་ཊིཀ་རྒྱ་མཚོའི་གནད་འགག་དང་གལ་ཆེའི་རང་བཞིན་དེ་རྒྱ་གར་རྒྱ་མཚོའི་ས་ཁུལ་དུ་སྤོས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་དབང་ཤུགས་འགྲན་རྩོད་ཀྱི་ལྟེ་གནས་སུ་འགྱུར་བཞིན་ཡོད་ཅེས་གསུངས་ཡོད།
རྒྱ་གར་གྱི་སྲིད་བློན་ན་རེན་དྲ་མོ་དྷིས་ཀྱིས་མུམ་བྷེའི་ཡི་(Mazagon)་གྲུ་བཟོ་ཁང་དུ་གྲུ་གཟིངས་རྣམས་འདོན་སྤེལ་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་མཚོ་དམག་གི་འཐབ་འཛིང་གྲུ་གཟིངས་གསུམ་པོ་འདི་འགོ་འཛུགས་བྱས་པ་དེས་སྲུང་སྐྱོབ་བཟོ་སྐྲུན་དང་མཚོ་ཐོག་བདེ་འཇགས་ཐད་འཛམ་གླིང་གི་འགོ་ཁྲིད་ཅིག་ཏུ་འགྱུར་རྒྱུའི་རྒྱ་གར་གྱི་དམིགས་ཡུལ་མངོན་འགྱུར་ཡོང་བར་གོམ་པ་གལ་ཆེན་ཞིག་སྤོས་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་(Harsh Pant)་ལགས་ཀྱིས། རྒྱ་གར་གྱིས་དམག་གྲུ་དང་མཚོ་འོག་གྲུ་གཟིངས་གསུམ་གསར་དུ་བཟོ་སྐྲུན་འདོན་སྤེལ་བྱས་པ་དེས། རྒྱ་ནག་གིས་རྒྱ་གར་རྒྱ་མཚོ་དང་རྒྱ་གར་གྱི་ས་མཚམས་ནང་ཐེ་གཏོགས་ཇེ་མང་དུ་གཏོང་བཞིན་པའི་སྐབས་འདིར་མཚོ་དམག་གི་ནུས་པ་ཆེ་རུ་གཏོང་འདོད་པ་མཚོན་གྱི་ཡོད་པ་དང་། ཕྱོགས་གཞན་ནས་རྒྱ་གར་རང་ཉིད་ཀྱི་སྟོབས་ཤུགས་མངོན་པར་བྱེད་པའི་ཆེད་དུ་ཡིན་ཞེས་དང་། རྒྱ་གར་གྱིས་མཚོ་དམག་གི་ནུས་པར་དམིགས་འཛུགས་བྱེད་པ་དེ། རྒྱལ་ཁབ་ཀྱི་ཡོངས་ཁྱབ་སྟོབས་ཤུགས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ཀྱང་གསུངས་བྱུང་།
ཡང་(Shiv Nadar Institution of Eminence)ཉམས་ཞིབ་ཁང་གི་རྒྱ་ནག་དང་རྒྱ་དཀར་ནག་གི་འབྲེལ་བའི་ཐད་ཀྱི་ཉམས་ཞིབ་པ་(Devendra Kumar)་ལགས་ཀྱིས་རྒྱ་གར་གྱི་གནང་ཕྱོགས་འདིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་རང་དབང་དང་ཕྱི་གསལ་ནང་གསལ་ཡོང་བར་རྒྱ་གར་གྱིས་འགན་ལེན་བྱེད་པའི་བརྡ་ལན་ཞིག་ཀྱང་བསྟན་ཡོད། འདིའི་བརྒྱུད་ནས་ས་ཁུལ་འདིའི་ནང་རྒྱ་ནག་གི་ཤུགས་རྐྱེན་དང་མཚོ་དམག་གི་བྱེད་སྒོ་འཕེལ་རྒྱས་འགྲོ་བཞིན་པ་དེར་དམིགས་པ་ཞིག་ཡིན་པ་གསུངས་བྱུང་།

རྩོམ་པ་པོ་ཇྰ་ན་དེལྦ་ (Javadev Ranade) ལགས་ཀྱིས། དེ་ནི་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་སྣང་ཆེ་རུ་གཏོང་བ་དང་མཚོ་དམག་གི་ས་ཁུལ་སྲུང་སྐྱོབ་བྱེད་པའི་ཆ་ཤས་ཤིག་རེད། རྒྱ་ནག་གི་མཚོ་འོག་དམག་གྲུ་མང་པོ་ཞིག་ད་ཆ་རྒྱ་གར་རྒྱ་མཚོའི་ནང་མཐོང་རྒྱུ་ཡོད་པ་མ་ཟད། ཐ་ན་ཨན་ཊ་མན་དང་ཤྲི་ལངྐ་མཐའ་འཁོར་དུའང་ཡོང་གི་ཡོད་པ་ནི་དོགས་པ་སྐྱེ་གཞི་ཞིག་ཡིན་པས། ང་ཚོར་ས་ཁུལ་དེ་དག་གི་ནང་དུ་སྲུང་སྐྱོབ་ཚད་ལྡན་གྱི་བཟོ་རྒྱུའི་མཚོ་དམག་གི་སྟོབས་ཤུགས་འདང་ངེས་ཤིག་ཡོད་དགོས་ཞེས་དང་། རྒྱ་ནག་གི་མཚོ་འོག་དམག་གྲུ་ནི་ཇེ་མང་དུ་འགྲོ་བཞིན་ཡོད་པས་ད་ཆ་རྒྱ་ནག་གི་མཚོ་དམག་ནི་འཛམ་གླིང་གི་མཚོ་དམག་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པས། དེར་གདོང་ལེན་གྱི་ཚུལ་དུ་རྒྱ་གར་ངོས་ནས་མཚོ་དམག་གི་ནུས་པ་གོང་མཐོར་གཏོང་གལ་ཆེ་བ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་སཱ་ན་ཧ་ཤི་མི་ (Sana Hashmi) ལགས་ནས། ད་ཆ་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་རྒྱ་བསྐྱེད་བཞིན་པའི་མཚོ་དམག་དེ་དག་ལ་ཁ་གཏད་བྱེད་ཆེད་དུ་རྒྱ་གར་གྱི་མཚོ་དམག་རྒྱ་བསྐྱེད་དང་ནུས་པ་གོང་མཐོང་གཏོང་བཞིན་ཡོད་པ་མ་ཟད།  ཨ་རི་དང་། ཨོ་སི་ཊི་ལི་ཡ། ཉི་ཧོང་བཅས་དང་ལྷན་མཉམ་ལས་ཀྱི་དམག་སྦྱོང་བྱས་ཏེ་ཕྱི་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པས། རྒྱ་གར་གྱི་མཚོ་འོག་དམག་གྲུ་ (Arihant) ལྟ་བུས་རྒྱ་ནག་གི་མཚོ་དམག་གི་ཉེན་ཁར་གདོང་ལེན་དང་ལྟ་སྲུང་བྱ་རྒྱུའི་ནུས་པ་ལྡན་ཡོད་ཅེས་གསུངས་བྱུང་།

འོན་ཀྱང་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ཝི་ན་ཡཀ་སྦཊ་ (Vinayak Bhatt) ལགས་ཀྱིས། རྒྱ་གར་ལ་མཚོ་འོག་དམག་གྲུ་ ༡༥༠ ཡོད་ཀྱང་རྒྱ་ནག་གིས་ད་ཆ་མཚོ་འོག་དམག་གྲུ་ ༦༠༠ ཙམ་འགྲེམས་འཇོག་བྱས་ཟིན་པས། གནས་སྟངས་ཛ་དྲག་ཅན་ཡིན་ཞིང་། ད་ཆ་རྒྱ་གར་ངོས་ནས་རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་པ་ནི་དུས་ཀྱི་ཆ་ན་ཕྱི་དྲགས་པ་ཡིན་ཞིང་། རྒྱ་ནག་གིས་འབར་མ་དང་། པ་ཀིས་ཐན། བྷང་ལ་དེ་ཤི་བཅས་ཀྱི་ནང་མཚོ་འོག་དམག་གྲུ་ཆུང་གྲས་རིགས་དབོར་འདྲེན་བྱེད་བཞིན་པའི་ནང་རྒྱ་ནག་གི་མི་སྣ་བསྐྱོན་བཞིན་པ་ནི་ཛ་དྲག་གི་གནས་སྟངས་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག །

གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎