རྒྱ་ནག་དང་ས་མཚམས་ཀྱི་དཀའ་རྙོག


2013.04.27
རྒྱ་ནག་དང་ས་མཚམས་ཀྱི་དཀའ་རྙོག རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག
ཨེ་ཨེཕ་པི།

༄༅༎ཉེ་ཆར་རྒྱ་ནག་མི་དམངས་བཅིང་གྲོལ་དམག་མི་ཁག་གཅིག་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་བརྒལ་ཏེ་བཙན་འཛུལ་བྱས་པའི་དཀའ་རྙོག་དེ་སེལ་ཐུབ་བའི་རེ་བ་ཡོད་པའི་སྐོར་གཟའ་སྤེན་པའི་ཉིན། རྒྱ་གར་གྱི་སྲིད་བློན་ མན་མོཧན་སིངག་མཆོག་གིས་གསུངས་འདུག།
རྒྱ་གར་གྱི་སྲིད་བློན་གྱིས་དཀའ་རྙོག་དེ་ནི་ས་གནས་བྱེ་བྲག་པ་ཞིག་དང་འབྲེལ་བ་ཆགས་པར་བརྟེན། དཀའ་རྙོག་དེ་སེལ་ཐུབ་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་པ་རྒྱ་གར་དབུས་ PTI གསར་ལས་ཁང་གིས་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་འདུག།
རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་ཁུལ་ནང་རྒྱ་མིའི་དམག་མིས་བཙན་འཛུལ་གྱིས་སྡེ་སྒར་ཞིག་ཀྱང་གསར་བཙུགས་བྱས་ཡོད་པའི་གནས་ཚུལ་དེ་ཟླ་བ་འདིའི་འགོ་སྟོད་ནང་བྱུང་ཞིང་། གནས་ཚུལ་དེས་རྐྱེན་པས་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་དཀའ་རྙོག་གི་ཚོར་བ་དེ་ཆེ་རུ་ཕྱིན་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིངག་མཆོག་གི་བཀའ་མོལ་དེ་གཟའ་པ་སངས་ཉིན་རྒྱ་གར་གྱི་བདེ་སྲུང་དྲུང་ཆེ་ ཤ་ཤཱི་ ཀནཏ་ ཤར་མས་ རྒྱ་གར་གྱི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་ཞིག་ལ་རྒྱ་ནག་གི་དམག་མིས་ལ་དྭགས་ས་ཁུལ་ནང་བཙན་འཛུལ་བྱས་པའི་སྐོར་སྙན་ཐོ་ཞིག་ཕུལ་བའི་རྗེས་སུ་གསུངས་པ་ཞིག་ཡིན་ཞིང། སྙན་ཐོ་དེའི་ནང་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་བདག་ཏུ་བཟུང་བའི་ས་མཚམས་ནས་ཀི་ལོ་མི་ཊར་ ༢༠ བརྒལ་བའི་ས་ཁུལ་གྱི་ནང་བཙན་འཛུལ་བྱས་ཡོད་པ་གསལ་ཡོད་འདུག།
རྒྱ་གར་གྱི་སྲིད་བློན་གཙོས་རྒྱ་གར་གྱི་བློན་ཆེན་གཞན་ཁག་གིས་གནས་ཚུལ་འདི་ཆུང་དུ་གཏོང་ཐབས་གནང་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་ཅིང། རྒྱ་གར་གྱི་སྲིད་བློན་གྱིས་ཀྱང། ང་ཚོར་འཆར་གཞི་ཞིག་ཡོད་པས་གནས་ཚུལ་འདི་ཆེ་རུ་གཏོང་འདོད་མེད་ཅེས་གསུངས་འདུག། འོན་ཀྱང་གནད་དོན་འདིའི་ཐད་རྒྱ་གར་དང་རྒྱ་ནག་གི་དམའ་རིམ་བདེ་འཇགས་ལས་བྱེད་པའི་དབར་གྲོས་མོལ་བྱས་ཀྱང་དཀའ་རྙོག་དེ་སེལ་ཐུབ་པ་བྱུང་མེད་པ་ PTI གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
རྒྱ་གར་གྱི་བདེ་སྲུང་དྲུང་ཆེ་ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱ་ནག་ཏུ་ཕེབས་རྒྱུའི་འཆར་གཞི་ཡོད་འདུག་ཅིང། ཁོང་གིས་རྒྱ་གར་དང་རྒྱ་ནག་ཡུལ་གྲུ་གཉིས་ཀྱི་ཕུགས་རྒྱང་རིང་པོའི་འབྲེལ་བར་གནོད་སྐྱོན་མི་ཡོང་བའི་ཆེད་དུ། ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་དེ་ངེས་པར་སེལ་ཐབས་དགོས་སྐོར་བཀའ་བསྡུར་གནང་འཆར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎