རྒྱ་ནག་གིས་རྒྱ་གར་གཅིག་གི་འདོད་ཚུལ་ལ་ཡང་ངོས་འཛིན་དགོས།


2014.09.12
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་Sushma Swaraj རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་Sushma Swaraj
དྲ་བཤུས

རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་འདོད་ཚུལ་ལ་ངོས་འཛིན་བྱེད་པར་རྒྱ་ནག་གིས་རྒྱ་གར་གཅིག་གི་འདོད་ཚུལ་ལ་ངོས་འཛིན་བྱེད་དགོས།
དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་The Times of Indiaཅེས་པའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཟླ་བ་འདིའི་ཚེས་༡༧ནས་༡༩བར་ཉིན་གྲངས་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་སྐབས། ཡུལ་གྲུ་གཉིས་དབར་དེ་སྔ་Panchsheelཞེས། ཞི་བའི་གྲོས་མཐུན་དོན་ཚན་ལྔ་བཞག་ནས་ལོ་༦༠འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་བསྐྱང་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་དབར་ཚོང་དོན་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་འཇོག་འཆར་ཡོད་པ་དེ་ལྟར་ཡང༌། རྒྱ་ནག་གི་སྲིད་འཛིན་ཕེབས་ལ་ཉེ་བའི་སྔ་ནུབ་ཏུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ Sushma Swarajཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གཏམ་བཤད་གནང་བའི་ནང༌། དེ་སྔ་རྒྱ་ནག་ཕྱོགས་ནས་ང་ཚོའི་མཉམ་བོད་དང་ཐེའི་ཝན་གྱི་གནད་དོན་གླེང་སློང་བྱེད་པའི་སྐབས། ང་ཚོས་རྒྱ་ནག་གི་གཅིག་གི་འདོད་ཚུལ་ལ་བསམ་ཤེས་བྱས་ཡོད་པ་དང་གཅིག་མཚུངས། རྒྱ་ནག་གཞུང་གིས་ཀྱང༌ང་ཚོས་ཨ་རུ་ན་ཅལ་པ་ར་དྷེཤ་ཡི་གནད་དོན་དེ་གལ་ཆེན་པོ་བརྩི་བཞིན་ཡོད་པ་དེར་བསམ་ཤེས་བྱེད་དགོས་ཀྱི་རེད། གལ་སྲིད་ང་ཚོའི་ངོས་ནས་རྒྱ་ནག་གཅིག་གི་འདོད་ཚུལ་ལ་མོས་མཐུན་བྱེད་དགོས་ན། རྒྱ་ནག་ཕྱོགས་ནས་ཀྱང་རྒྱ་གར་གཅིག་གི་འདོད་ཚུལ་ལ་མོས་མཐུན་བྱེད་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད། ཡང་སྐབས་དེར་གསར་འགོད་པས་ཁོང་ལ། ཉེ་ལམ་རྒྱ་གར་གྱི་སྲིད་བློན་Narendra Modiཡིས་ཉི་ཧོང་ནང་རྒྱལ་དོན་འཚམས་གཟིགས་གནང་སྐབས། “ང་ཚོའི་གཡས་གཡོན་དུ་དུས་རབས་བཅོ་བརྒྱད་པའི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློའི་འོག་གཞན་གྱི་ས་ཆ་བཙན་བཟུང་དང༌། གཞན་གྱི་མཚོ་ཁའི་ས་ཁུལ་དུ་བཙན་འཛུལ་བྱེད་མཁན་ཡོད་སྟབས། རྒྱ་གར་དང་ཉི་ཧོང་གཉིས་ལ་ཨེ་ཤ་ཡའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཡོད་” ཅེས་གསུང་པ་དེ་རྒྱ་ནག་ལ་སྐྱོན་བརྗོད་གནང་བ་ཞིག་ཡིན་མིན་བཀའ་འདྲི་ཞུས་པར། ཕྱི་སྲིད་བློན་ཆེན་ལྕམ་Sushma Swarajཡིས། སྲིད་བློན་ Modi ཡིས་གཏམ་བཤད་དེའི་ནང་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་མིང་འདོན་གནང་ཡོད་མ་རེད་ཅེས་ལན་འདེབས་གནང་ཡོད་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎