ཀ་ཤི་མིའར་ནས་རྒྱ་གར་དམག་མི་བརྒྱ་ཆ་༢༥ཕྱིར་འཐེན་བྱ་འཆར།

རྒྱ་གར་གཞུང་གིས་རྩོད་གཞི་ཡོད་པའི་ཀ་ཤི་མིའར་ས་ཁུལ་ནང་གི་དམག་དཔུང་ནས་བརྒྱ་ཆ་༢༥ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར།

2011.01.14

༄༅༎རྒྱ་གར་གཞུང་གིས་རྩོད་གཞི་ཡོད་པའི་ཀ་ཤི་མིའར་ས་ཁུལ་ནང་གི་དམག་དཔུང་ནས་བརྒྱ་ཆ་༢༥ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིའར་ས་ཁུལ་དེའི་ནང༌དུ་འགྲེམས་འཇོག་བྱས་པའི་རྒྱ་གར་གྱི་དམག་དཔུང་དང་དྲག་སྤྱོད་པའི་དབར་མི་ལོ་བཅུ་ཕྲག་གཉིས་ལྷག་འཐབ་འཁྲུག་རྒྱབ་བཞིན་ཡོད་པ་དང༌། རྒྱ་གར་གཞུང་ཕྱོགས་ནས། ཁོང་ཚོའི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིའར་ས་ཁུལ་ནས་སྲུང་སྐྱོབ་དམག་དཔུང་གི་གྲངས་ཀ་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་ནང་སྲིད་དྲུང་ཆེ་སྐུ་ཞབས་ཇི་ཀེ་པི་ལའེ་ཡིས། ཀ་ཤི་མིའར་ས་ཁུལ་ནས་རྒྱ་གར་གྱི་དམག་དཔུང་ནས་བརྒྱ་ཆ་༢༥ཉུང་འཕྲི་བྱ་རྒྱུའི་དམིགས་ཡུལ་ཡོད་པ་དང༌། དེ་ནི་ཡིད་ཆེས་སྐྲུན་ཐབས་ཀྱི་ཆེད་དུ་ཡིན་པ་གསུང་ཡོད་པ་རེད། རྒྱ་གར་གཞུང་ཕྱོགས་ནས། ཀ་ཤི་མིའར་མངའ་ཁུལ་ནང་དུ་རྒྱ་གར་གྱི་དམག་དཔུང་ཇི་ཙམ་འགྲེམས་འཇོག་བྱས་ཡོད་མེད་ཀྱི་གྲངས་ཀ་གཞུང་འབྲེལ་གྱིས་གསལ་སྟོན་གནང་གི་མེད་པ་དང༌། འོན་ཀྱང་གཞན་གྱིས་བསྡོམས་རྩིས་བཏོན་པར་གཞིགས་ན། ཕལ་ཆེར་ཇམ་མུ་དང་ཀ་ཤི་མིའར་ཁུལ་དུ་རྒྱ་གར་གྱི་དམག་མི་འབུམ་གསུམ་ནས་ས་ཡ་ཕྱེད་ཀའི་བར་ཡོད་པ་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིའར་ས་ཁུལ་དེའི་ནང་གི་དྲག་སྤྱོད་པས། ས་ཁུལ་དེ་ནི་ཁོང་ཚོར་རང་བཙན་དགོས་པའམ་ཡང་ན་པ་ཀི་སི་ཏན་མཉམ་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས། རྒྱ་གར་གཞུང་གི་དབང་བསྒྱུར་འོག་གནས་སྡོད་བྱེད་འདོད་མི་བྱེད་པར་འདས་པའི་མི་ལོ་༢༠ རིང་རྒྱ་གར་གཞུང་དབར་ལ་དྲག་པོའི་འཐབ་རྩོད་བྱེད་བཞིན་ཡོད་ཅིང༌། འདས་པའི་མི་ལོ་དེའི་རིང་གི་དྲག་པོའི་འཐབ་རྩོད་ནང་མི་དམངས་མང་པོའི་ཚེ་སྲོག་ལ་གནོད་འཚེ་བྱུང་ཡོད་པ་མ་ཟད། འདི་ལོའི་དབྱར་དུས་ཁོ་ནར་མི་དམངས་༡༠༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎