རྒྱ་གར་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་ཕེབས་ཡོད་པ།

2014-07-26
གློག་འཕྲིན།
མཆན།
Share
པར་བཀོད།
ཕྱི་ཚེས་༢༦ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ སུཤ་མ་ སཝཱ་རཇ་དང་བལ་ཡུལ་སྲིད་བློན་ སུ་ཤིལ་ཀོའེ་རི་ལ་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ།
ཕྱི་ཚེས་༢༦ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ སུཤ་མ་ སཝཱ་རཇ་དང་བལ་ཡུལ་སྲིད་བློན་ སུ་ཤིལ་ཀོའེ་རི་ལ་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ།
ཨེ་ཨེཕ་པི།

༄༅༎རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ སུཤ་མ་ སཝཱ་རཇ་ རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་རྒྱ་སྐྱེད་གཏོང་ཆེད་གཟའ་པ་སངས་ཉིན་བལ་ཡུལ་དུ་ཕེབས་འབྱོར་གནང་ཞིང་། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ མ་ཧན་དྷརཱ  བྷཧ་དྷུར་ པན་ཌཱེ་དང་ལྷན་དུ་གཙོ་བོ་ཚོང་ལས་དང་དཔལ་འབྱོར། མ་རྩ་འཛུགས་ཕྱོགས་དང་བདེ་འཇགས་སོགས་གནད་དོན་མང་དག་ཅིག་གི་ཐོག་མཉམ་འབྲེལ་གྱི་ལས་དོན་སྤེལ་ཕྱོགས་དང་འབྲེལ་བའི་བཀའ་བསྡུར་གནང་ཡོད་འདུག།
དེ་ཡང་རྒྱ་གར་གྱི་ཧིན་དྷུསི་ཐན་དུས་བབས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ སུ་ཇ་ཏ་སིངྒ་སོགས་ཕྱི་སྲིད་ལས་ཁུངས་ཀྱི་གནད་དོན་དཔོན་རིགས་ཁག་གཅིག་ཀྱང་ཆེད་ཕེབས་གནང་འདུག་པ་དང་། ཚོགས་འདུའི་གྲོས་གཞི་ཞིབ་ཕྲ་ཁག་སྔོན་ཚུད་ནས་གཏན་འབེབས་བྱས་པའི་རྒྱ་གར་དང་བལ་ཡུལ་གྱི་དཔོན་རིགས་ལས་གྲུབ་པའི་བཟུང་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག།  རྒྱ་གར་དང་བལ་ཡུལ་དབར་གྱི་བཟུང་འབྲེལ་གྱི་ལྷན་ཚོགས་དེ་རིགས་འདས་པའི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ཚུགས་ཐུབ་མེད་པ་རེད་འདུག་ལ། བཟུང་འབྲེལ་ལྷན་ཚོགས་དེའི་ཚོགས་གཙོ་རྒྱ་གར་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཉིས་བཟུང་འབྲེལ་གྱི་ཐོག་ནས་གནང་རྒྱུ་ཡིན་འདུག།
གཟའ་པ་སངས་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ སཝཱ་རཇ་བལ་ཡུལ་དུ་ཕེབས་འབྱོར་གནང་མ་ཐག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དེའི་སྐབས་ཁོང་གིས། བལ་ཡུལ་ནི་རྒྱ་གར་གྱི་གཞུང་གསར་པའི་ནང་གལ་གནད་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་ཡོད་པ་གསུངས་པ་དང་། ཁོང་གིས་ཁོང་བལ་ཡུལ་དུ་འཚམས་འདྲིར་ཕེབས་པ་འདི་བརྒྱུད་རྒྱ་གར་དང་བལ་ཡུལ་དབར་གྱི་ད་ཡོད་ཀྱི་འབྲེལ་ལམ་རྒྱ་སྐྱེད་དང་སྲ་བརྟན་འབྱུང་ཐུབ་རྒྱུར་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་འདུག།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་བལ་ཡུལ་གྱི་འཚམས་གཟིགས་འདིའི་སྐབས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཐད་ཀྱི་གནད་དོན་གལ་ཆེའི་ཐོག་བཀའ་བསྡུར་གནང་རྒྱུ་ཙམ་མ་ཟད། ཟླ་བ་རྗེས་མར་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་གནང་རྒྱུའི་སྔོན་འགྲོ་གྲ་སྒྲིགས་ཀྱི་ལས་དོན་ཡང་སྤེལ་རྒྱུ་ཡིན་པ་རེད།  རྒྱ་གར་གྱི་སྲིད་བློན་བལ་ཡུལ་དུ་འཚམས་གཟིགས་གནང་མཁན་མཐའ་མ་དེ་ལོ་ངོ་བཅུ་བདུན་གོང་གི་རྒྱ་གར་གྱི་སྲིད་བློན་དུས་ཚོད་ཐུང་ངུའི་རིང་གནང་མཁན་སྐུ་ཞབས་ ཨཡི་ཀེ་ གུཇ་རཱལ་མཆོག་ཡིན་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།