རྒྱ་གར་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མཆོག་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དུ་ཕེབས་ཡོད་པ།

2020-09-07
གློག་འཕྲིན།
མཆན།
Share
པར་བཀོད།
ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་དེ་བཞིན་རྒྱ་གར་གཞུང་གི་གཞུང་འབྲེལ་གྱི་ལམ་སྲོལ་ལྟར་ཞུགས་འབུལ་གནང་སྐབས།
ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་དེ་བཞིན་རྒྱ་གར་གཞུང་གི་གཞུང་འབྲེལ་གྱི་ལམ་སྲོལ་ལྟར་ཞུགས་འབུལ་གནང་སྐབས།
Reuters

ཉེ་ཆར་ཕྱི་ཟླ་༨པའི་ཚེས་༣༠ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་དུ་དམིགས་བསལ་མདུན་སྐྱོད་དམག་དཔུང་གི་དམག་ཞབས་དཔོན་རིགས་ཉི་མ་བསྟན་འཛིན་ལགས་ལ་དྭགས་ས་མཚམས་སུ་འབར་རྫས་གས་ཐོར་བྱུང་སྟེ་འདས་གྲོངས་སུ་ཕྱིན་པར། རྒྱ་གར་གྱི་གནད་ཡོད་མི་སྣ་དང་དམག་དཔོན་ཟུར་པ་ཚོས་བློ་ཕམ་ཀྱིས་སྒོ་ནས་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་། ལྷག་པར་དུ་འདི་ཚེས་༧རེས་གཟའ་ཟླ་བའི་ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་དེ་བཞིན་རྒྱ་གར་གཞུང་གི་གཞུང་འབྲེལ་གྱི་ལམ་སྲོལ་ལྟར་ཞུགས་འབུལ་གནང་སྐབས། འབྲེལ་ཡོད་དམག་སྒར་ཚོས་ཁོང་མྱ་ངན་གུས་བཏུད་ཞུས་གནང་འདུག་ཅིང་།  སྐབས་དེར་རྒྱ་གར་གཞུང་འཛིན་BJP ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Ram Madhav མཆོག་ལྷན་བཞུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུས་འདུག་པ་མ་ཟད། ད་རེས་སྐུ་ཞབས་ Ram Madhav མཆོག་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་ལ་ཕེབས་པ་ནི་ཆབ་སྲིད་ཀྱི་བརྡ་ལེན་གསལ་པོ་ཞིག་སྤྲད་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་འདུག་ལ། རྒྱ་གར་གྱི་གསར་སྤེལ་ཁང་India Todayགི་ངེས་སྟོན་པ་སྐུ་ཞབས་Rahul Kanwal ལགས་ཀྱིས་ཁོང་སྒེར་གྱི་Twitter དྲ་ངོས་སྟེང་འདི་ཚེས་༧ ཉིན་གནས་ཚུལ་སྤེལ་བའི་ནང་། སྐུ་ཞབས་Ram Madhavམཆོག་ནི་བློ་སྟོབས་ཅན་གྱི་བོད་དམག་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་བཞུགས་འབུལ་ལ་ཕེབས་པ་དེས་ཆབ་སྲིད་ཀྱི་ཐོག་ནས་བརྡ་ལེན་གསལ་པོ་ཞིག་སྤྲད་ཡོད་ལ། ཉི་མ་བསྟན་འཛིན་ལགས་ནི་བོད་མི་གཅིག་པུའི་དཔའ་བོ་མིན་པར། རྒྱ་གར་གྱི་མི་འབོར་ཐེར་འབུམ་༡།༣ཡོད་པ་དེ་དག་ཚང་མའི་དཔའ་བོ་ཡང་ཡིན་ཞེས་བཀོད་འདུག
ཡང་འདས་པོ་ཉི་མ་བསྟན་འཛིན་ལགས་དང་མཉམ་དུ་འབར་གས་ཁྲོད་སྨས་སྐྱོན་ཕོག་པའི་རང་ལོ་༢༤ཡིན་པའི་དང་ཞབས་དམག་མི་བསྟན་འཛིན་བློ་ལྡན་ལགས་ཀྱི་ཕ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། ད་ལྟའི་ཆར་བསྟན་འཛིན་བློ་ལྡན་ལགས་ལ་དྭགས་དམག་མིའི་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་དང་ཁོང་གི་གཟུགས་པོའི་གནས་སྟངས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་དང་། ད་རེས་རྒྱ་ནག་གོ་ལའི་དུས་བབ་ཀྱིས་རྒྱ་གར་གྱི་དམག་སྒར་ཨང་༢༢ཀྱི་བོད་པའི་དམག་མི་དག་ནི་རང་ཉིད་ཀྱི་འཚོ་ཐབས་ཆེད་དུ་དམག་དཔུང་ནང་དུ་འཛུལ་བཞུགས་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག་པ་དེ་ནི་རྒྱ་ནག་གི་དྲིལ་བསྒྲགས་ཡིན་པ་ལས་དངོས་བདེན་མིན་པའི་སྐོར་ངོ་སྤྲོད་གནང་བྱུང་།
གཞན་ཡང་རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་འབར་རྫས་གས་ཏེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས། རྒྱལ་སྤྱི་དང་རྒྱ་གར་རྒྱལ་ཡོངས་ནང་དུ་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོད་དམག་དཔུང་སྐོར་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་ཅིང་། སྤྱི་ལོ་༡༩༧༡ལོའི་བྷང་ལ་དྷེ་ཤི་དམག་དང་། ༡༩༩༩ ལོའི་ཀར་གྷིལ་དམག་བཅས་སོ་སོའི་ནང་དམིགས་བསལ་མདུན་སྐྱོན་དམག་དཔུང་ཡང་དཔུང་པ་མཉམ་གཤིབ་ཀྱིས་རྒྱ་གར་གྱི་དམག་དཔུང་གཞན་མཉམ་དུ་དམག་བརྒྱབ་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།