རྒྱ་གར་གྱི་དཔོན་རིགས་ཤིག་ལྐོག་ཟའི་ནག་ཉེས་ཀྱིས་འཛིན་བཟུང༌།

རྒྱ་གར་གྱི་བསྐོར་སྲུང་བས་ཡུལ་གྱི་ཇའར་ཁཱན་མངའ་སྡེའི་སྲིད་དོན་པ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་འཛིན་བཟུང་བྱས་ཡོད་པ་རེད་

2009-11-30
Share

༄༅༎རྒྱ་གར་གྱི་བསྐོར་སྲུང་བས་ཡུལ་གྱི་ཇའར་ཁཱན་མངའ་སྡེའི་སྲིད་དོན་པ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་འཛིན་བཟུང་བྱས་ཡོད་པ་རེད་ རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་བསྐོར་སྲུང་བས་ཇའར་ཁཱན་མངའ་སྡེའི་བློན་ཆེན་མཱ་རྡུ་ཀོ་ཌ་ཨ་རིའི་ཌོ་ལར་ས་ཡ་༦༥༠མ་གནས་དངུལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་འཛིན་བཟུང་བྱས་ཡོད་པ་རེད་ ཁོ་པ་འཛིན་བཟུང་དོ་དམ་བྱེད་མཁན་བསྐོར་སྲུང་བའི་དཔོན་རིགས་སྐུ་ཞབས་ཨ་ཀི་ལེཤ་ཇཱ་ཡིས་ཀོ་ཌ་འཛིན་བཟུང་བྱས་རྗེས་ཁོ་པ་སྲུང་སྐྱོབ་དམ་པོའི་འོག་མངའ་སྡེའི་རྒྱལ་ས་རཱན་ཆི་ལ་འཁྲིད་ཡོད་པ་རེད་ཅེས་གསུང་འདུག རྒྱ་གར་དབུས་གཞུང་ཁྲལ་བསྡུ་ལས་ཁུངས་ཀྱི་དཔོན་རིགས་རྣམས་ཀྱིས་ཀོ་ཌ་ལོ་ཡུན་ལྔ་རིང་ཇའར་ཁཱན་མངའ་སྡེའི་གཏེར་དངོས་ལས་དོན་བློན་ཆེན་དང་སྤྱི་ཁྱབ་བློན་ཆེན་བྱེད་སྐབས་དངུལ་ཨ་རི་ཌོ་ལར་ས་ཡ་༦༥༠སྐོར་ལྐོག་ཟ་བྱས་ཡོད་སྐོར་གསུང་འདུག            རྒྱ་གར་དབུས་གཞུང་གི་ཁྲལ་བསྡུ་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ཀྱིས་བློན་ཆེན་ཀོ་ཌ་དང་ཁོ་པའི་ལག་འབྲེལ་པས་ཨཕ་རི་ཀ་ནང་གཏེར་ཁ་ཉོས་ནས་རྒྱ་གར་དང་འབྲུག་ཡུལ་ ཐའེ་ལཱེན་ དྲུ་སྦའེ་ ལྷོ་ཀོ་རི་ཡའི་སོགས་པའི་ཡུལ་ཁག་ནང་མ་རྩ་འཛུགས་འཇོག་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་གསུང་འདུག ལོ་ན་༣༨ལ་སོན་པའི་ཀོ་ཌ་རྒྱས་སྤྲོས་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་དང་ཁོ་པ་ཕྱིའི་རྒྱལ་ཡུལ་གྲུ་ཁག་ནང་ཐེངས་མང་བསྐྱོད་ཡོད་ཅིང་ཁོ་པ་ཕྱི་ལོ་༢༠༠༠ནང་མངའ་སྡེའི་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་མི་བྱས་ནས་རིམ་པས་མངའ་སྡེའི་སྲིད་དོན་ནང་ཞུགས་པ་ཞིག་ཡིན་པ་དང་ དང་ཐོག་ཁོ་པ་མངའ་སྡེའི་གྲོང་གསེབ་ས་ཁུལ་གྱི་འཕྲུལ་རིག་བློན་ཆེན་དང་ཕྱི་ལོ་༢༠༠༣ལོར་མངའ་སྡེའི་གཏེར་ཁ་བསྔོག་འདོན་ལས་དོན་བློན་ཆེན་དང་ཕྱི་ལོ་༢༠༠༦ལོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆགས་ཡོད་པ་རེད་           ཕྱི་ལོ་༢༠༠༨ལོར་མངའ་སྡེའི་གྲོས་ཚོགས་ནས་ཁོ་པའི་གཞུང་དེར་ཡིད་ཆེས་བློས་འགེལ་མེད་པའི་འོས་ཤོག་འཕེན་པའི་ཉེན་ཁའི་འོག་སྤྱི་ཁྱབ་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་གནང་དགོས་ཆགས་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།