༧གོང་ས་མཆོག་དབུ་བཞུགས་ཐོག་རྗེ་རིན་པོ་ཆེ་རྗེས་དྲན་ཆེད་མཁས་བའི་བགྲོ་གླེང་།
2019.12.20
གདན་ས་དགའ་ལྡན་དགོན་པར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དབུ་བཞུགས་ཐོག་རྗེ་རིན་པོ་ཆེ་རྗེས་དྲན་ཆེད་རྒྱལ་སྤྱིའི་མཁས་བའི་བགྲོ་གླེང་དབུ་འཛུགས་གནང་སོང་།
སྤྱི་ཟླ་༡༢་བའི་ཚེས་༢༠་ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རི་བོ་དགའ་ལྡན་པའི་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་རྫོགས་ནས་ལོ་ངོ་ ༦༠༠ ་འཁོར་བའི་རྗེས་དྲན་ཆེད། ཙོང་ཁ་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ཐུན་མོང་མ་ཡིན་པའི་བཞེས་པའི་ཐད་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་སོང་། སྐབས་དེར་༧གོང་ས་མཆོག་གིས། ངོས་རང་སྒེར་ལ་ཆ་བཞག་ན་སྟོང་ཉིད་ཀྱི་ལྟ་བ་ལ་རྩོལ་བསྐྱེད་གྱི་མྱོང་བ་གང་ལ་གང་འཚམས་ཐོན་ཡོད་པ་དེ་རྗེ་རིན་པོ་ཆེའི་ལེགས་བཤད་གསུང་རབ་སོགས་ཀྱི་བཀའ་དྲིན་ཡིན་ཅེས་གསུངས་ནས། རྗེ་རིན་པོ་ཆེ་ནི་སྔོན་གྱི་མཁས་པ་བསམ་གྱིས་མི་ཁྱབ་བ་ཡིན་པའི་རྣམ་ཐར་དང་སྦྲགས་མཛད་རྗེས་ཁག་ལ་བསྟོད་བསྔགས་གནང་བ་དང་། ད་དུང་༧གོང་ས་མཆོག་གིས། སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་བྱམས་བརྩེ་ཡིན་པ་དང་། ལྟ་གྲུབ་གང་ཡིན་ལ་མ་ལྟོས་པར་བྱམས་བརྩེ་ཟེར་རྒྱུ་དེ་གལ་ཆེན་པོ་རེད་ཟེར་མཁན་གྱི་མི་དེ་རང་བཞིན་གྱིས་སྤྱི་ཚོགས་ནང་གཞན་ཕན་གྱི་བློ་ཡོད་པ་ཡག་པོ་འདུག ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་བ་ཡིན་སྟབས་གང་ལ་བརྟེན་སའི་སྤྱི་ཚོགས་དེ་ལ་སེམས་ཐག་ཉེ་བོ་ཞིག་དང་། དེའི་བདེ་སྡུག་ལ་བསམ་བློ་འཁོར་མཁན་ཞིག་དགོས། སོགས་བཀའ་སྩལ་ཡོད་པ་རེད།
བགྲོ་གླེང་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་འགའ་ཤས་འཛོམས་ཡོད་པ་རེད།
སྤྱི་ཟླ་༡༢་བའི་ཚེས་༢༡་ནས་ཉིན་གཉིས་རིང་། མུ་མཐུད་དུ་བོད་ཀྱི་གདན་ས་གསུམ་གཙོ་བོར་གྱུར་བའི་དགོན་སྡེ་ཁག་མང་པོ་དང་། ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན། མི་ཆི་གྷན་གཙུག་ལག་སློབ་ཆེན། ཝིར་ཇི་ནི་ཡ་གཙུག་ལག་སློབ་སོགས་སློབ་ཆེན་འདྲ་མིན་ནས་ཕེབས་པའི་མཁས་དབང་རྣམས་ཀྱིས། རྗེ་ཙོང་ཁ་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བཞེས་པ་དང་། མཛད་རྗེས་སྤྱི་ཡི་སྐོར། དབུ་མའི་ལྟ་བ། དྲང་ངེས་དང་ཕར་ཕྱིན། སྒོམ་གྱི་ལྟ་གྲུབ་དང་ཉམས་ལེན། ལམ་རིམ་བློ་སྦྱོང་སྤྱི་དང་བྱམས་སྙིང་རྗེ་བྱང་སེམས་བཅས་ཀྱི་སྐོར་ལ་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།