རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན་བོད་ནང་གི་བོད་མི་མང་པོ་ཞིག་མུ་མཐུད་གར་སོང་ཆ་མེད་དུ་གྱུར་བཞིན་པའི་གནས་སྟངས་གསལ་སྟོན།
* གནས་ཚུལ་ཁ་སྣོན་བྱས།
ཕྱི་ཟླ་༨་ཚེས་ ༣༠ ཉིན་ནི་རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཉིན་མོ་ཡིན་པ་བཞིན། རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་འོག་བོད་ནང་གི་བོད་མི་མང་པོར། ནག་ཉེས་སོགས་གང་ཡང་མེད་པར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་འཛིན་བཟུང་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གཏོང་གི་ཡོད་པ་རེད་ལ། ལྷག་པར་ཕྱི་ལོ་ ༢༠༢༠ ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་ཚོར་རྡུང་རྡེག་གི་ལས་འགུལ་འོག་བོད་མི་ཤེས་ཡོན་ཅན་མང་དག་ཅིག་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་གི་བོད་མི་ཚོར་ནག་ཉེས་འདྲ་མིན་འོག་འཛིན་བཟུང་དང་། འདྲི་རྩད་འབོད་འགུག་སོགས་ཀྱི་གནས་སྟངས་ཇེ་སྡུག་ལས། གང་བྱུང་འཛིན་བཟུང་བཙན་ཁྲིད་དང་དམ་དྲག་གི་གནས་སྟངས་ལྷོད་དུ་རྩ་ནས་འགྲོ་ཡི་མེད་སྐོར། བོད་ནང་གི་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས། རྒྱ་ནག་གཞུང་གིས་དེ་སྔ་འཛིན་བཟུང་བཙན་ཁྲིད་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཁག་ཅིག་གི་སྐོར་ལ་རྩད་འཚོལ་བྱས་པའི་ཁྲོད། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ལ་མཚོན་ན་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣ ལྷག་འགྲོ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་ནད་གཞི་ཞིག་གི་རྐྱེན་གྱིས་སྨན་ཁང་དུ་ཁྲིད་བཞིན་ཡོད་སྐོར་ཙམ་གོ་ཐོས་བྱུང་ཡང་། རྒྱ་ནག་གཞུང་གིས་སྔར་བཞིན་ཁོང་གི་གནས་སྟངས་སྐོར་གསལ་བཤད་གང་ཡང་བྱེད་ཀྱི་མེད་སྐོར་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་བརྗོད་བྱུང་ལ། དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༨ པའི་ནང་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པ། བོད་མི་ན་གཞོན་ཤེས་ཡོན་པ་དཔལ་མགོན་ལགས་སུ་ད་དུང་ཁྲིམས་ཐག་བཅད་མིན་དང་། ས་གནས་གང་དུ་བཀག་ཉར་བྱས་མིན་སོགས་གསལ་ཁ་གང་ཡང་མེད་པར་ལྷག་ཡོད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མནར་གཅོད་ཕོག་མཁན་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་དང་བཅས། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་ནག་གི་བཙན་གནོན་འོག་བོད་མི་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་ཡང་བྱུང་བཞིན་པ་དང་། དེ་ཡང་ཉེ་བའི་ལོ་ཤས་ནང་གནས་ཚུལ་དེའི་རིགས་མང་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་པ་དང་མཉམ། ༧ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས། རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་དང་། གཞས་པ་མགོ་ལོག་དཔལ་ལྡན་ལགས། གསེར་རྟའི་ཨ་ཁུ་དར་རྒྱས་ལགས་སོགས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་མང་པོ་ཡོད། ཐ་ན་སྐད་འཕྲིན་སོགས་དྲྭ་ལམ་ནས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་པ་དང་། ཡང་ན་གསར་འགྱུར་དང་པར་རིས་བསྐུར་བ་ཙམ་གྱིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བཞིན་པའི་གནས་ཚུལ་མང་པོ་བྱུང་ཡོད། དེ་བས་རྒྱ་ནག་གི་བཙན་གནོན་འོག་བོད་ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་གྲངས་འབོར་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་ཚོགས་སྡེ་ཁག་གིས་བཏོན་པའི་གྲངས་ཐོ་ལས་མང་བ་ཡོད་པ་གསུངས་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བོད་ས་ཡོངས་སུ་བོད་མི་མང་དག་ཅིག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་ལས། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དཔེ་ཁྲིད་རྒན་དགེ་བཤེས་དཀོན་མཆོག་ཉི་མ་ལགས་འཛིན་བཟུང་གིས། ད་ལྟའི་ཆར་ལོ་ངོ་ ༡༦ འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཉེ་འབྲེལ་ཚོར་ཁོང་གི་གནས་སྟངས་གསལ་བཤད་ཙམ་ཡང་མེད་པ་མ་ཟད། ཁོང་གི་སྐོར་རྩད་འཚོལ་ཞུ་སྐུལ་རིགས་ལ་ཡ་ལན་གང་ཡང་བྱེད་ཀྱི་མེད་འདུག དེ་ལྟར་དུ་ལོ་ཤས་སྔོན་ནས་བོད་ནང་གི་ཤེས་ཡོན་པར་རྒོལ་བའི་ལས་འགུལ་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་ཁྲོད། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། ཕྱི་ལོ་ ༢༠༢༡ ལོར་འཛིན་བཟུང་བྱས་པ་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་རོང་བོ་གངས་དཀར་ལགས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༠ ནང་འཛིན་བཟུང་བྱས་པ་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ས་བུ་ཆེ་ལགས། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པའི་ནང་འཛིན་བཟུང་བྱས་པ་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་འཕྲིན་ལས་ལགས། གཞན་ཡང་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༧ ནང་འཛིན་བཟུང་བྱས་པ། ཉག་ཆུ་ཨོ་ཐོག་སྨད་ཐ་སྡེ་བ་ནས་ཡིན་པ་ན་གཞོན་ཤེས་ཡོན་པ་དང་རྩོམ་པ་པོ་བསྟན་འཛིན་མཁྱེན་རབ་ལགས་བཅས་ཀྱི་གནས་སྟངས་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་རེད།
གཞན་ཡང་དེ་རིང་རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་མང་དག་ཅིག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་ཐད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་གཙོའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གཏོང་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཆབ་སྲིད་བཙོན་པ་དང་ནང་མི་རྣམས་ཁྲིམས་ཐོག་ནས་དྲང་བདེན་ར་སྤྲོད་ཐུབ་ཆེད་དུ་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བྱས་འདུག་ལ། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (CECC) ཡིས་སྤྱི་ཚོགས་དྲ་ལམ་ x ཐོག་༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཞེས་འཁོད་པའི་སྐུ་པར་འདོན་སྤེལ་དང་མཉམ། རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན་རྒྱ་ནག་གཞུང་ངོས་ནས། གར་སོང་ཆ་མེད་དུ་བཏང་བའི་ཆབ་སྲིད་བཙོན་པ་རྣམས་གང་དུ་ཡོད་མེད་གསལ་སྟོན་དགོས་པ་དང་། ས་ཁུལ་བྱེ་བྲག་པའི་ཐོག་དམ་དྲག་ལྟ་སྲུང་དང་ཆབ་སྲིད་བཙོན་པ་རྣམས་གར་སོང་ཆ་མེད་དུ་བཏང་བའི་སྲིད་བྱུས་མཚམས་འཇོག་དགོས་ཞེས་བཀོད་འདུག
#DayofDisappeared #PanchenLama pic.twitter.com/0ZLey6rz2S
— China Commission (@CECCgov) August 30, 2024
གཞན་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མནར་གཅོད་ཕོག་མཁན་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony J. Blinken)་མཆོག་གི་མཚན་ཐོག་ནས་བསྒྲགས་གཏམ་སྤེལ་བའི་ནང་། ཨ་མི་རི་ཀ་ནི་དུས་རྟག་ཏུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མནར་གཅོད་ཕོག་མཁན་རྣམས་དང་མཉམ་དུ་ཡོད་ཅེས་དང་། བཙན་དབང་གི་འོག་ནས་མི་སྣ་གར་སོང་ཆ་མེད་དུ་བཏང་བ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་ཚབས་ཆེན་ཞིག་རེད་ལ། གར་སོང་ཆ་མེད་དུ་གྱུར་བའི་མི་དེ་དག་གི་ནང་མི་ཚོས་ཀྱང་ཁོང་ཚོའི་དགའ་ཉེ་སྤུན་མཆེད་ཚོ་གང་དུ་ཡོད་མེད་མ་ཤེས་པ་སོགས་ཀྱི་དཀའ་ངལ་དང་སྡུག་བསྔལ་ཆེན་པོ་མྱོང་བཞིན་ཡོད་ཅེས་དང་། དེ་རིང་ང་ཚོས་འཛམ་གླིང་ཁྱོན་ཡོངས་སུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མནར་གཅོད་ཕོག་མཁན་རྣམས་དྲན་གྱི་ཡོད། དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡང་ཚུད་ཡོད། ཨ་མི་རི་ཀས་འཛམ་གླིང་གི་ཕྱོགས་གང་སར་ཡོད་པའི་གཞུང་ཁག་ལ་དྲག་གནོན་འོག་གར་སོང་ཆ་མེད་གཏོང་བའི་བྱ་སྤྱོད་འདི་མཚམས་འཇོག་དགོས་པ་དང་། ཉེས་སྤྱོད་དེའི་ཐད་འགན་འཁྲི་འཁུར་ལེན་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་པ་ཡིན་ཞེས་བཀོད་འདུག
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཡོངས་སུ་བརྒལ་ནས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཡུལ་དེའི་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ཡིག་དེར་བསྐྱར་བཅོས་བཏང་སྟེ་བཙན་དབང་འོག་གར་སོང་ཆ་མེད་དུ་བཟོ་བའི་བྱ་སྤྱོད་དེ་ཉིད་ཁྲིམས་མཐུན་བཟོས་ཡོད་པ་དང་། ཁྲིམས་ཡིག་དེས་བོད་མི་གཙོས་པའི་གཞན་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་གོ་དོན་གསལ་ཁ་མིན་པའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཉེས་མིང་བཀལ་ཏེ་ཁོང་རྣམས་ལ་དྲག་གནོན་བྱ་རྒྱུའི་ཁྲིམས་མཐུན་གྱི་ཆོག་མཆན་སྤྲོད་ཡོད་པ་ཐེར་འདོན་བྱས་པ་དང་འབྲེལ། འདས་པའི་ལོ་བཞིའི་ནང་། བོད་ནང་དུ་བོད་མི་ ༦༣ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། གྲངས་ཚད་དེ་ནི་བཀག་རྒྱ་ཆེན་པོའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་པས་དེ་ནི་མ་མཐའི་གྲངས་ཚད་ཙམ་ལས་དངོས་ཡོད་གྲངས་ཀ་དེ་ལས་མཐོ་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་བསྒྲགས་འདུག
ཐེངས་འདིར་རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཉིན་མོ་དེ། ཕྱི་ལོ་ ༢༠༡༡ ལོ་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དངོས་སུ་ལག་བསྟར་འགོ་འཛུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་ཞེས་པ་ནི་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༡༢ ཚེས་ ༡༨ ཉིན། རྒྱལ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྟེང་གྲོས་ཐག་བཅད་པའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་སྲུང་སྐྱོབ་ཞེས་པའི་གྲོས་ཆོད་ཨང་ ༤༧ པའི་ནང་གསེས་དོན་མཚན་ ༡༣༣ ནང་གསལ། སྲིད་གཞུང་དང་གཞུང་གི་ཡན་ལག་ལས་ཁུངས་གཙོས་གཞུང་དང་སྒེར་སུ་རུང་གིས། དངོས་དང་རྒྱུད་གང་དུ་ཡང་སྐྱེ་བོ་གང་ཞིག་ཡོངས་ཁྱབ་ཤེས་རྟོགས་མེད་པར་འཛིན་བཟུང་དང་། བཀག་ཉར། བཙན་འཁྲིད་དང་རང་དབང་འཕྲོག་པ་སོགས་ཁྲིམས་དང་འགལ་ཡོད་པའི་ཐག་གཅོད་གྲོས་འཆམ་བྱུང་བ་ཞིག་ཡིན་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ལྕགས་མོ་འཚོ། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།