རྒྱ་ནག་གཞུང་གིས་མུ་མཐུད་དུ་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཨ་རིས་ཐེར་འདོན།

2021-05-13
Share
རྒྱ་ནག་གཞུང་གིས་མུ་མཐུད་དུ་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཨ་རིས་ཐེར་འདོན། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་ལགས།
Reuters

ཨ་མི་རི་ཀས་ཕྱི་ལོ་༢༠༢༠་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་ཞིབ་འཇུག་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་བྱས་འདུག
དེ་ཡང་ཕྱི་ཟླ་༥་ཚེས་༡༢་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འཛམ་གླིང་ནང་གི་ཆོས་དད་རང་དབང་གྱི་གནས་བབས་ཐད་༢༠༢༠་ལོའི་ལོ་འཁོར་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་དང་། སྐབས་དེར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་ལགས་ཀྱིས། རྒྱལ་ཁབ་གང་ཞིག་གི་ནང་མང་ཚོགས་ལ་རང་དབང་ཆ་ཚང་བ་ཞིག་ལོངས་སུ་སྤྱོད་རྒྱུ་ཡོད་ཚེ། སྤྱི་ཚོགས་དེའི་ནང་བརྟན་ལྷིང་དང་། ཚགས་ཚུད། བདེ་འཇགས་ཀྱི་ཚོར་བ་ཡོང་རྒྱུ་ནི་བརྗོད་མི་དགོས་པ་ཡིན་པ་དང་། ད་ལྟ་ཡང་རྒྱ་ནག་གཙོས་འཛམ་གླིང་གི་རྒྱལ་ཁབ་༥༦་ཙམ་གྱི་ནང་མང་ཆོགས་ལ་ཆོས་དད་རང་དབང་མེད་པ་དང་གཞུང་གིས་རང་དབང་དེ་རྡོག་རོལ་གཏོང་བཞིན་ཡོད་པ་གསུངས་སོང་།
ལོ་འཁོར་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དུ་ཆོས་ལུགས་དད་མོས་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་གཙོས་རྒྱ་ནག་གཞུང་གིས་ཆོས་ལུགས་གཞན་ཁག་དང་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་མནོན་དང་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་བཞིན་པའི་སྐོར་བཀོད་འདུག
ཨ་རིའི་གཞུང་གིས་སྙན་ཐོ་དེའི་ནང་བོད་དང་རྒྱ་ནག་ཅེས་སྡེ་ཚན་གཉིས་བཀོད་པར་གཞིགས་ན། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་དུ་བོད་རིགས་མི་མང་ཚོ་རྒྱུན་ལྡན་ཐོག་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་ལུགས་འཁོད་ཡོད་ཀྱང་། དོན་དངོས་སུ་བོད་མི་ཚོས་རང་ཉིད་ཀྱི་ཆོས་ཕྱོགས་གནང་སྒོ་ཁག་ལ་རང་དབང་དང་སྲུང་སྐྱོབ་ཡོད་ཅེས་པ་དེ་གང་ཞིག་ལ་ངོས་འཛིན་གྱིས་ལག་བསྟར་བྱེད་ཀྱི་ཡོད་མེད་གསལ་ཁ་དོད་པོ་ཞིག་རྩ་ཁྲིམས་ནང་འགྲེལ་བརྗོད་བྱས་མེད་པ་ཐེར་འདོན་བྱས་པ་དང་འབྲེལ། ད་ལྟའི་ཆར་ཁྲིམས་སྒྲིག་དེའི་འོག་རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོའི་ཐོག་ཐེ་བྱུས་བྱས་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་པའི་དགོན་སྡེ་ཁག་ལ་དམ་དྲག དེ་བཞིན་ཆོས་ཕྱོགས་དང་འབྲེལ་ཡོད་སེར་སྐྱ་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་མེད་པ་བཟོས་པ་མ་ཟད། དེ་དག་གང་བྱུང་འཛིན་བཟུང་དང་རྒྱུན་རིང་བཀག་ཉར་བྱས་པས་གར་སོང་ཆ་མེད་དུ་གྱུར་པ། བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ། ཁྲིམས་མཐུན་གྱི་ཁྲིམས་ཐག་གཅོད་ཀྱི་མེད་པ་བཅས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་མངོན་གསལ་ཐེར་འདོན་བྱས་འདུག
ད་དུང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བ་དང་། གྲྭ་བཙུན་རྣམས་ལ་བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པའི་མ་འོངས་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཀྱི་བདག་དབང་ཡོངས་རྫོགས་རྒྱ་ནག་དབུས་གཞུང་ལ་ཡོད་པ་བཟོས་པ། དམིགས་བསལ་འདས་ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་འཛིན་བཟུང་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གྱུར་བ། བཙོན་ཁང་ནང་ཡུན་རིང་སྡུག་སྦྱོང་གནར་གཅོད་འོག་འདས་གྲོངས་སུ་གྱུར་བ། དུས་ཡུན་འདྲ་མིན་གྱི་ཁྲིམས་ཐག་བཅད་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་མང་དག་ཞིག་ལུང་འདྲེན་གྱིས་གནད་དོན་མང་པོ་ཞིབ་ཕྲ་བཀོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།