རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་སྐོར་སྙན་ཐོ་བཏོན་པ།

ཨ་མི་རི་ཀའི་གཞུང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་རང་དབང་ཐད་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག
2008-09-20
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་གཞུང་གིས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ལན་མང་སྤེལ་བའི་རྗེས་ རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་རང་དབང་ཐད་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག

དེ་ཡང་ཁ་སང་ཕྱི་ཟླ་༩པའི་ཚེས་༡༩ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་གི་གནས་བབ་སྐོར་གྱི་ལོ་རེའི་སྙན་ཐོ་དེ་བཏོན་གནང་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་བོད་མི་ཚོའི་རང་གི་ཐོུང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་ སྐད་ཡིག་སོགས་གཅེས་འཛིན་དང་ཡར་རྒྱས་གཏོང་རྒྱུའི་གཞི་རྩའི་ཐོབ་ཐང་བརྡེལ་བཤིག་གཏོང་བཞིན་པའི་གནད་དོན་ཐད་ཨ་རིའི་གཞུང་གིས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་གསུངས་འདུག

སྙན་ཐོ་དེའི་ནང་བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་ཞེས་ཟུར་བཏོན་གནང་ཡོད་པ་དང་ དེའི་ནང་རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པ་འཁོད་ཡོད་ན་ཡང་ དོན་དངོས་བོད་མི་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡོད་པའི་རྣམ་འགྱུར་ཞིག་བསྟན་པའི་ཐོབ་ཐང་ཡང་མེད་པ་བརྗོད་འདུག་པར་མ་ཟད་ འདས་པའི་ལོ་གཅིག་གི་དུས་ཡུན་དེའི་རིང་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ཀྱི་ས་ཁུལ་ཁག་ནང་ཆོས་དད་རང་དབང་ཐད་དམ་བསྒྲགས་ཆེ་རུ་བཏང་ཡོད་པར་མ་ཟད་ བོད་ཀྱི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཏེ་ གྲ་བཙུན་ཚོ་ཉིན་ལྟར་ཚོུད་འགའ་ཤས་རིང་དམར་ཤོག་གི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒེར་གྱི་ངོས་ནས་མཚན་དམས་ཞུ་བའི་ངོས་ལེན་གྱི་ཡིག་ཚར་བཙན་དབང་གི་ཐོག་ནས་མིང་རྟགས་བཀོད་བཅུག་པ་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད་པ་གསལ་འཁོད་བྱས་ཡོད་པ་རེད་

ལྷག་པར་དུ་སྙན་ཐོ་དེའི་ནང་ འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ངོ་རྒོལ་དུས་ཟིང་གི་གནས་ཚུལ་བྱུང་རྗེས་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་དེའི་ཕྱི་རོལ་གྱི་བོད་ཀྱི་ས་ཁུལ་ཁག་ནང་ཡོད་པའི་དགོན་པ་མང་པོ་སྒོ་བརྒྱབ་ཏུ་བཅུག་པ་དང་ གྲ་བཙུན་ཧ་ཅང་མང་པོ་ཕྱིར་འབུད་བྱས་ཡོད་པ་རེད་ཅེས་དང་ གྲ་བཙུན་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་ རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཤུགས་ཆེ་རུ་བཏང་པ་དང་ ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་རྒྱུ་ཤུགས་ཆེ་རུ་བཏང་པའི་རྐྱེན་གྱིས་ཡིན་པ་བཀོད་ཡོད་པ་རེད་

བོད་ནང་ཕྱི་ཟླ་གསུམ་པའི་ཚེས་༡༤རྗེས་ཀྱི་གནས་ཚུལ་དེ་བྱུང་རྗེས་ ཨ་མི་རི་ཀའི་གཞུང་ནས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་ཆོས་དང་རིག་གཞུང་ དེ་བཞིན་འཚོ་བའི་གནས་བབ་ཐད་ཉེན་ཁ་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་ དོན་རྐྱེན་གྱི་ཛ་དྲག་ཅན་གྱི་གནས་ཚུལ་དེ་དག་བྱུང་བཞིན་པའི་གནད་དོན་སོགས་ཀྱི་ཐད་ ཕན་ཚུན་དོན་ཕན་སོན་པའི་གྲོས་མོལ་ཞུ་དགོས་པའི་འབོད་བསྐུལ་ཞུས་ཡོད་པའི་སྐོར་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་ལོ་འཁོར་གྱི་སྙན་ཐོ་དེའི་ནང་བཀོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།