ཨི་ཊ་ལིའི་ནང་བོད་ཀྱི་ཆེད་བཞུགས་མོལ་ལྷན་ཚོགས་ཚོགས་སྐོར།

ཨི་ཊ་ལི་གྲོང་ཁྱེར་ཞིག་ནས་བོད་ལ་ཆེད་དུ་དམིགས་པའི་བཞུགས་མོལ་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག།

2008.09.18

༄༅༎ཨི་ཊ་ལི་གྲོང་ཁྱེར་ཞིག་ནས་བོད་ལ་ཆེད་དུ་དམིགས་པའི་བཞུགས་མོལ་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག།

དེ་ཡང་རོ་ལྦེ་རེ་ཀྲོ་ཞེས་པའི་ཨི་ཊ་ལི་གྲོང་ཁྱེར་སྲིད་གཞུང་དང་ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ ད་ལྟའི་བོད་ཀྱི་གནས་སྟངས་སྐོར་དྲིལ་བསྒྲགས་ཁྱབ་སྤེལ་སླད་ ཉེ་སྔོན་ཚེས་༡༣ཉིན་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་ ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་གཞུང་གི་སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་ལས་དོན་འགན་འཛིན་བསྟན་འཛིན་བསམ་འཕེལ་ལགས་ཆེད་བཅར་ཞུས་ཡོད་འདུག བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ད་ལྟའི་བོད་ཀྱི་གནས་སྟངས་སྐོང་ངོ་སྤྲོད་གསུང་བཤད་ནང་ འདི་ལོ་གསུམ་བཅུའི་དུས་དྲན་ཉིན་ནས་བོད་ཁྱོན་ཡོངས་སུ་བོད་མིའི་ཞི་རྒོལ་གྱི་རྐྱེན་པས་ རྒྱ་ནག་གཞུང་གི་དྲག་གནོན་འོག་ བོད་མི་༢༠༠དམར་བསད་དང་ ༡༠༠༠ལྷག་ལ་རྨས་སྐྱོན་ཕོག་པ་དང་ གཞན་བོད་མི་༦༧༠༠ཙམ་དོ་དམ་བཀག་ཉར་འོག་ལུས་ཡོད་པའི་སྐོར་གསལ་འདོན་གནང་བཞག ཡང་ལྷན་ཚོགས་འདིའི་ཐོག་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་རི་ལི་འགྲིམ་འགྲུལ་གྱི་ལས་དོན་དེ་བཞིན་རྒྱ་ནག་གཞུང་གིས་ བོད་ནང་རྒྱ་རིགས་མི་འབོར་གནས་སྤོ་བྱ་རྒྱུའི་ཆབ་སྲིད་ཀྱི་ངན་ཇུས་བཤམ་པ་དང་ཆབས་ཅིག་བོད་ཀྱི་རང་བྱུང་གི་གཏེར་དངོས་རྒྱ་ནག་ནང་འོར་འདྲེན་དང་དེ་བཞིན་བོད་ནང་དྲག་གནོན་དང་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་ཆེད་ རྒྱ་ནག་གི་དམག་དཔུང་སྟབས་བདེ་འོར་འདྲེན་བྱེད་རྒྱུའི་ཆེད་དུ་དམིགས་པའི་ལས་འཆར་ཡིན་པར་ནན་བརྗོད་གནང་སྟེ་ ད་ཆ་བོད་མི་རྣམས་རང་ཡུལ་བོད་ནང་གྲངས་ཉུང་མི་རིགས་སུ་གྱུར་ཡོད་པའི་གནས་སྟངས་འགྲེལ་བརྗོད་ཞུས་འདུག གསུང་བཤད་ཀྱི་མཇུག་སྡོམ་ནང་ སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འགན་འཛིན་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་རོ་ལྦེ་རེ་ཀྲོ་གྲོང་ཁྱེར་སྲིད་གཞུང་ནས་ རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐྱོན་བརྗོད་དང་ཆབས་ཅིག་བོད་མིའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་གནང་མཛད་པར་ཐུགས་རྗེ་ཞེས་བསྔགས་བརྗོད་ཞུས་ཡོད་པ་རེད་ ལྷན་ཚོགས་འདིའི་སྐབས་ ཨི་ཊ་ལི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོ་ གུན་ཐར་ཁོ་ལོག་ན་ ཡིས་ བོད་ཀྱི་ད་ལྟའི་ཉགས་ཕྲའི་དུས་ཚོད་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོག་ནས་ བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བོད་མི་མང་ལ་རྒྱབ་སྐྱོར་ཞུ་དགོས་པའི་འགན་འཁྲི་ཡོད་པའི་སྐོར་དང་ དེ་བཞིན་རོ་ལྦེ་རེ་ཀྲོ་གྲོང་ཁྱེར་སྲིད་གཞུང་གི་ཚོགས་གཙོ་ རོ་སྦར་ཊོ་པིན་ཀྲར་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་མཛད་ཇུས་ལ་རྒྱབ་སྐྱོར་འཐུས་ཚང་ཞུ་རྒྱུ་ཡིན་པ་བཅས་ནན་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎