རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་འབྲུག་གི་ཆེ་མཐོའི་མི་སྣ་དང་མཇལ་མོལ་གནང་འདུག


2017.10.05
འབྲུག་གི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧ འབྲུག་གི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧
@Lhuboom

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་(S.Jaishankar)་མཆོག་འབྲོག་ལམ་ས་མཚམས་ཀྱི་དཀའ་རྙོག་སེལ་བའི་རྗེས་ཀྱི་འབྲུག་ཡུལ་ནང་འཚམས་གཟིགས་ཐེངས་དང་པོ་དེ་གནང་བར་ཕེབས་ནས་འབྲུག་གི་རྒྱལ་པོ་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། ཁོང་གི་ཡབ་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག དེ་བཞིན་འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་དང་། མཐོ་རིམ་དཔོན་རིགས་ཁག་ལྷན་མཇལ་འཕྲད་ཀྱིས་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཡོད་པའི་རྨང་གཞིའི་ཐོག་གི་དམིགས་བསལ་འབྲེལ་བའི་སྐོར་བཀའ་མོལ་གནང་འདུག
རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་སྤེལ་གནང་བའི་སྤྱི་བསྒྲགས་ནང་། ཕྱོགས་གཉིས་དབར་ཐུན་མོང་གི་ཁེ་ཕན་ཡོད་པའི་མངའ་ཁུལ་སྲུང་སྐྱོབ་དང་གནད་དོན་གཞན་མང་པོ་ཞིག་སྐོར་བཀའ་བསྡུར་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
འབྲེལ་ཡོད་གནས་ཚུལ་འབྱུང་ཁུངས་ཀྱིས་རྒྱ་གར་གྱི་(Indian Express) ་གསར་ལམ་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། འདས་པའི་ཟླ་བ་འགའ་ཤས་རིང་འབྲུག་གི་ས་མཚམས་ནང་རྒྱ་ནག་གི་བྱ་སྤྱོད་སྐོར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་། འབྲུག་གི་དབུ་ཁྲིད་རྣམ་པའི་དབར་བཀའ་མོལ་གནང་ཡོད་ཅིང་། མ་འོངས་གནད་དོན་དེའི་རིགས་མི་ཡོང་བའི་གདོང་ལེན་གནང་ཕྱོགས་ཐད་ལ་ཡང་བསྐྱར་ཞིབ་གནང་ཡོད་པ་རེད། དེ་མིན་གནས་ཚུལ་འབྱུང་ཁུངས་གཞན་ཞིག་གིས། ལྡི་ལིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་འབྲུག་ཡུལ་གྱི་གཞུང་ཚབ་ཁང་ལ་འབྲེལ་གཏུགས་བྱས་ཡོད་པའི་སྐོར་གྱི་གནད་དོན་ཐད་དབུ་ཁྲིད་རྣམ་པའི་
དབར་བཀའ་མོལ་བྱུང་ཡོད་པ་བརྗོད་འདུག
འབྲུག་དང་བོད་དབར་གྱི་ས་མཚམས་འཁེལ་སའི་འབྲོག་ལམ་ཁུལ་དུ་མདུན་བསྐྱོད་བྱེད་བཞིན་པའི་རྒྱ་མིའི་དཔུང་དམག་དང་རྒྱ་གར་གྱི་དམག་དཔུང་དབར་འཁོན་རྩོད་བྱུང་བའི་གནས་སྟངས་ཞི་འཇམ་བྱུང་ནས་ཟླ་བ་གཅིག་ཕྱིན་པའི་མཚམས་དེར། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་(S.Jaishankar)་འབྲུག་ཡུལ་ལ་ཕེབས་ཡོད་པ་དང་། ད་རེས་ཁོང་གིས་འབྲུག་གི་ཕྱི་སྲིད་བློན་ཆེན་དམ་ཆོས་རྡོ་རྗེ་དང་ཕྱི་སྲིད་དྲུང་ཆེ་དྲག་ཤོས་བསོད་ནམ་ཚང་ལྷན་བཀའ་མོལ་ཞིབ་ཕྲ་གནང་ཡོད་པ་རེད།
ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དཔོན་རིགས་རྣམ་པའི་དབར་བཀའ་མོལ་གཙོ་བོ་དེ་འབྲུག་གི་ལོ་ལྔ་མཚན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འཆར་ཐེངས་༡༢་པ་དང་། རྒྱལ་ཁབ་གཉིས་དབར་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ། ཆུ་ཤུགས་གློག་འདོན་མཉམ་འབྲེལ་གྱི་ལས་འཆར། དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་མི་མང་དབར་གྱི་འབྲེལ་ལམ་སོགས་ཀྱི་སྐོར་བཀའ་མོལ་ལྷུག་པོ་བྱུང་ཡོད་ལུགས་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎