ཉི་ཧོང་གིས་རྒྱ་ནག་གཞུང་ཚབ་ཆེན་མོ་བཀའ་འགུག་གནང་བ།


2016-06-09
Share
རྩོད་རྙོག་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོ་ནང་རྒྱ་ནག་གི་དམག་གྲུ་བསྐྱོད་བཞིན་པ། ༢༠༡༥།༡༢།༢༢ རྩོད་རྙོག་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོ་ནང་རྒྱ་ནག་གི་དམག་གྲུ་བསྐྱོད་བཞིན་པ། ༢༠༡༥།༡༢།༢༢
AFP

རྩོད་རྙོག་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོ་ནང་རྒྱ་ནག་གི་དམག་གྲུ་བསྐྱོད་པར་ཉི་ཧོང་གིས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བཀའ་འགུག་གནང་འདུག
ཉི་ཧོང་དང་རྒྱ་ནག་དབར་བདག་དབང་གི་རྩོད་རྙོག་ཡོད་པའི་ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཞིག་གི་ཉེ་འཁྲིས་སུ། རྒྱ་ནག་གི་མཚོ་དམག་གྲུ་གཟིངས་ཤིག་འགྲུལ་བསྐྱོད་བྱས་པར་ངོ་རྒོལ་སྐྱོན་བརྗོད་གནང་ཆེད་ཉི་ཧོང་ཕྱི་སྲིད་ལྷན་ཁང་གིས་ཡུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བཀའ་འགུག་གནང་འདུག
དེ་ཡང་གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན། འདི་ཚེས་༨་ཀྱི་མཚན་དགུང་ཙམ་དུ་ཉི་ཧོང་དང་རྒྱ་ནག་དབར་བདག་དབང་གི་རྩོད་རྙོག་ཡོད་པའི་Senkaku་མཚོ་གླིང་ནས་རྒྱང་ཐག་སྤྱི་ལེ་༣༨་གྱི་སར་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་ཤིག་གསང་འཛུལ་གྱིས་འགྲུལ་བསྐྱོད་བྱས་པ་ཤེས་རྟོགས་བྱུང་བའི་ཆུ་ཚོད་འགའ་ཤས་ཀྱི་རྗེས། ཕྱི་ཟླ་༦་པའི་ཚེས་༩་ཡི་ཐོ་རེངས་ཆུ་ཚོད་གཉིས་པ་ཙམ་དུ་ཉི་ཧོང་ཕྱི་སྲིད་བློན་ཆེན་གཞོན་པ་ Akitaka Saika ཡིས་ཡུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བཀའ་འགུག་གིས་རྒྱ་ནག་གི་བྱེད་སྟངས་དེ་ནི་མཚོ་གླིང་བདག་དབང་གི་རྩོད་རྙོག་ཉེན་ཚབས་ཅན་དུ་གྱུར་གཞིའི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཉི་ཧོང་གཞུང་གིས་དོན་རྐྱེན་དེའི་ཐད་ཨ་རི་གཞུང་གི་མཉམ་དུའང་བཀའ་བསྡུར་གནང་བཞིན་ཡོད་འདུག་པ་ལྟར། དེ་རིང་གནད་དོན་འདིའི་སྐོར་གསར་འགོད་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་Colin Willet་ལ་བཀའ་འདྲི་ཞུས་པའི་ལན་དུ། ང་ཚོས་འདིའི་སྐོར་ཤེས་རྟོགས་ཡོད་ཀྱང༌། ད་དུང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཡོང་ཆེད་ཉི་ཧོང་གཞུང་གི་མཉམ་འབྲེལ་བ་བྱེད་བཞིན་པ་ཡིན་ཙང༌། གནས་ཚུལ་ཆ་ཚང་མ་རག་གི་བར་དུ་དོན་རྐྱེན་འདིའི་ཐད་ང་ཚོའི་བསམ་ཚུལ་ཇི་ཡིན་བཤད་ཐུབ་པ་མི་འདུག་ཅེས་གསུངས་འདུག།
ཡང་དོན་རྐྱེན་འདིའི་སྐོར་རོའི་ཀྲར་གསར་ལས་ཁང་གིས་རྒྱ་ནག་རྒྱལ་སྲུང་ལྷན་ཁང་ལ་གནས་འདྲི་བྱས་པའི་ལན་དུ། ང་ཚོས་གནས་ཚུལ་འདིའི་སྐོར་རྩད་ཞིབ་བྱེད་བཞིན་པ་ཡིན་ཡང༌། གཞི་རྩའི་ཐོག་ནས་རྒྱ་ནག་གི་བདག་དབང་འོག་ཡོད་པའི་མཚོ་ཁའི་ས་ཁུལ་དུ་རྒྱ་ནག་གི་གྲུ་གཟིངས་ཤིག་འགྲུལ་བསྐྱོད་བྱས་པ་ནི་ཁྲིམས་དང་མཐུན་པ་ཞིག་ཡིན་པ་ལས། དེའི་ཐོག་རྒྱལ་ཁབ་གཞན་ལ་ཐེ་བྱུས་གང་ཡང་ཡོད་མ་རེད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ་ངག་ཆོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།