༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་དགུང་གྲངས་བརྒྱར་ཕེབས་པར་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་མཛད་འདུག
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠་ཚེས་ ༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་སྲིད་འཛིན་ཟུར་པ་སོ་དགུ་བ་སྐུ་ཞབས་ཇི་མི་ཁཱ་ཊིར་ (Jimmy Carter) ལགས། དགུང་གྲངས་ ༡༠༠ སོན་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་བའི་ནང་། སྲིད་འཛིན་ཟུར་པ་མཆོག་གི་མི་ཚེ་ནི་དོན་དང་ལྡན་པར་སྐྱེལ་གནང་བ་དང་། ངོས་ནས་སྐུ་ཉིད་ཀྱི་ལོ་ ༡༠༠ སོན་པའི་འཁུངས་སྐར་དེ་སྐུ་ཉིད་ཀྱི་ནང་མི་དང་ལྷན་དུ་དགའ་སྤྲོའི་ངང་རོལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག
མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ནང་། སྐུ་ཉིད་ནས་མཁྱེན་གསལ་ལྟར་ངོས་ནས་དུས་ཡུན་རིང་པོ་ནས་སྐུ་ཉིད་ཀྱི་མཛད་རྗེས་བཟང་པོ་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལ། སྐུ་ཉིད་ནས་དུས་ཡུན་རིང་པོ་དེ་འདྲ་ཞིག་ལ་གཞན་ཕན་གྱི་ལས་དོན་གཉེར་བ་ནི་ངོ་མཚར་བ་ཞིག་དང་། མུ་མཐུད་གཞན་དོན་ཆེད་དུ་ཐུག་འཁུར་གནང་བཞིན་པ་ནི་ང་ཚོ་ཚང་མར་སེམས་འགུལ་ཐེབས་པ་ཞིག་ཡིན་པས། ངོས་ནས་སྐུ་ཉིད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་གསུངས་གནང་འདུག
ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་ནི་ཕྱི་ལོ་ ༡༩༢༤ ཟླ་ ༡༠ པའི་ཚེས་ ༡ ཉིན་ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་ནང་འཁྲུངས་ཤིང་། ༡༩༦༣ ནས་ ༡༩༦༧ བར་ཇོར་ཇི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་མིའི་ཐུགས་འགན་བཞེས་ཡོད་ཅིང་། ཕྱི་ལོ་ ༡༩༧༡ ནས་ ༡༩༧༥ བར་ཇོར་ཇི་ཡ་མངའ་སྡེའི་སྲིད་སྐྱོང་ཐེངས་ ༧༦ པ་ཡི་ཕྱག་ལས་གནང་། དེ་རྗེས་ཕྱི་ལོ་ ༡༩༧༧ ནས་ ༡༩༨༡ བར་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་བཅས། ཁཱ་ཊར་ལགས་ནས་དུས་ཡུན་རིང་པོའི་རིང་ངོས་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་། མི་རིགས་འདྲ་མཉམ་ལ་རྒྱབ་སྐྱོར་གནང་ཡོད་ཅིང་། སྲིད་འཛིན་གྱི་ལས་ཐོག་མཚམས་འཇོག་རྗེས་སུ་ཁོང་ནས་ Carter Centre ཞེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་པ་གསར་བཙུགས་གནང་ཡོད་པ་དེས། ཕྱིས་སུ་ཕྱི་ལོ་ ༢༠༠༢ ལོར་ཁོང་ལ་ནོ་ལྦེ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།