བོད་མི་ཚོ་ལས་ཞུགས་བྱེད་པར་རྒྱ་ནག་གིས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་བཏོན་བཞིན་འདུག

2024.02.20
བོད་མི་ཚོ་ལས་ཞུགས་བྱེད་པར་རྒྱ་ནག་གིས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་བཏོན་བཞིན་འདུག རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་གནམ་ཐང་དུ་ཡོད་པའི་རྒྱ་ནག་ཤར་ཕྱོགས་མཁའ་འགྲུལ་གནམ་གྲུ ༠༨།༠༤།༢༠༠༤
LIU Jin/AFP

དེ་ཡང་ཕྱི་ཟླ་༢ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཆེད་དམིགས་ཀྱིས་རྒྱ་ནག་ཤར་ཕྱོགས་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་ཚོང་གཉེར་ཁང་(China Eastern Airlines Logistics)་དུ། དངོས་ཟོག་སྐྱེལ་འདྲེན་གྱི་ས་མིག་དང་ལྷ་ས་དང་གཞིས་རྩེ་སོགས་སུ་རིམས་ནད་སྔོན་འགོག་གི་ལས་མི་དང་། ལྷ་ས་དམག་གི་སློབ་གྲྭའི་དགེ་རྒན་སོགས་ཀྱིས་ལས་ཞུགས་བརྡ་ཐོ་བཏང་ཡོད་པ་ལས། ལས་ཀ་དེ་དག་ལ་སྙན་ཞུ་ཕུལ་མཁན་བོད་མི་ཚོར་ཆ་རྐྱེན་གཙོ་བོ་༧གོང་ས་མཆོག་དང་ཁ་བྲལ་བར་ངོ་རྒོལ་བྱེད་མཁན་ཡིན་དགོས་སྐོར་གྱི་ཆ་རྐྱེན་བཏོན་ཡོད་པ་དང་། བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མི་ཚོ་ལས་ཞུགས་དང་སློབ་གཉེར་སོགས་ལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ངོ་རྒོལ་དགོས་སྐོར་བརྗོད་བཞིན་པ་དེ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དཔང་རྟགས་ཤིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་བརྡ་ཐོ་དེའི་ནང་། རྒྱ་ནག་ཤར་ཕྱོགས་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཞུགས་བརྡ་ཐོ་དེ་དག་ཕྱི་ལོ་༢༠༢༣ལོར་སློབ་ཆེན་མཐར་ཕྱིན་ཏེ། དེ་སྔ་ལས་མེད་དུ་ལྷག་ཡོད་པའི་བོད་རང་སྐྱོང་ལྗོངས་དང་དང་ཡུ་གུར་རང་སྐྱོང་ལྗོངས། དེ་བཞིན་མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ཀྱི་བོད་མི་ཚོར་ཆེད་དམིགས་ཡིན་སྐོར་བརྗོད་ཡོད་པ་དང་། དེ་མིན་ལས་གནས་གཞན་དག་ལ་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དགོས་སྐོར་བརྗོད་ཡོད་པ་དང་། ལས་གནས་དེ་དག་ལ་ལས་ཞུགས་བྱེད་པར་ཆ་རྐྱེན་གཙོ་བོ་ཏང་ལ་ལྷག་བསམ་རྣམ་དག་ཡིན་པ་དང་། ཆབ་སྲིད་ཀྱི་རྒྱབ་ལྗོངས་གཙང་མ་དང་༧གོང་ས་མཆོག་དང་ཁ་བྲལ་བར་ངོ་རྒོལ་དང་འབྲེལ་འདྲིས་མེད་མཁན་ཞིག་ཡིན་དགོས་སྐོར་བཀོད་འདུག སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་མི་ཚོས་རྒྱ་ནག་གཞུང་འབྲེལ་གྱི་ལས་གནས་ཁག་ཏུ་ལས་ཞུགས་བྱེད་པར་ཆ་རྐྱེན་གཙོ་གྲས་༧གོང་ས་མཆོག་ལ་ངོ་རྒོལ་དགོས་པ་དེ་དམིགས་འདོན་བྱེད་བཞིན་ཡོད་པ་རེད་ལ། ཐེངས་འདིའི་ལས་ཀའི་ས་མིག་ཁྲོད་ལྷ་ས་ནས་མི་གྲངས་༧་དང་གཞིས་རྩེ་ནས་མི་གྲངས་༡༦བཅས་བསྡུ་ཡི་ཡོད་པ་དང་། ལས་ཞུགས་ཀྱི་ཆ་རྐྱེན་ཚང་མར་དམར་ཤོག་ཚོགས་པར་བློ་དཀར་བ་དང་། མེས་རྒྱལ་གཅིག་གྱུར་ལ་འབད་བརྩོན་དགོས་མཁན་སོགས་བརྗོད་ཡོད་པ་དང་། ཡང་ཉི་འོད་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་མི་ཞིག་ཡིན་པ་ལས་འཚོ་བ་དང་འབྲེལ་ནས་བོད་མི་ཚོ་ཕྱོགས་གང་ཐད་ནས་ཆ་རྐྱེན་མང་དག་ཅིག་བཏོན་ནས་སུན་གཙེར་དང་དབྱེ་འབྱེད་ཤུགས་ཆེར་བྱེད་བཞིན་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོ་ཁ་བྲལ་བ་ཡིན་སྐོར་བརྗོད་ནས། བོད་ནང་གི་བོད་མི་ཚོར་རྣམ་པ་འདྲ་མིན་ངང་ནས་ཁ་བྲལ་འཐབ་རྩོད་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སྤྲོད་བཞིན་ཡོད་པ་རེད་ལ། སྔར་ལོའི་ཕྱི་ཟླ་༦་ནང་རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་རྫོང་དང་སོག་རྫོང་གི་དགོན་པ་ཁག་ཏུ་གྲྭ་ཤག་ནང་ཞིབ་བཤེར་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱས་ཡོད་པ་རེད་ལ། དེ་བཞིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༢ལོའི་ཟླ་༧ནང་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། ལོ་ན་༢༠ཙམ་ཡིན་པའི་བོད་རིགས་བུ་མོ་གཡུ་སྒྲོན་ལགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
ཉེ་ལམ་ཕྱི་ཟླ་༡ཚེས་༢༠ཉིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བདེ་འཇགས་ལྷན་ཁང་ཟེར་བས། སྤྱི་བདེ་ཉེན་རྟོག་པ་ཚོར་བདེ་སྲུང་ཆེད་ཚོགས་འདུ་ཞིག་སྐོང་འཚོགས་དང་འབྲེལ། ཏཱ་ལའི་ཁ་བྲལ་ཕྱོགས་ཁག་ལ་འཐབ་རྩོད་དང་ཁ་བྲལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་གིས། བོད་ནང་དུས་བདེ་ཞི་འཇགས་ལས་འགན་དང་པོར་བརྩི་དགོས་སྐོར་བརྗོད་ཡོད་པ་དང་། དེའི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ངོ་རྒོལ་དང་བཙན་བྱོལ་བོད་མི་ཚོར་འཐབ་རྩོད་ཟེར་བའི་རིགས་ནི། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ལས་ཀ་བྱེད་ཕྱོགས་ལ་ངོས་ལེན་བྱེད་ཀྱི་མེད་སྟབས། བོད་མི་ཚོར་བཙན་གནོན་དང་ཁོ་རང་ཚོའི་ཁ་ལ་ཉན་ཐབས་ཆེད་༧གོང་ས་མཆོག་ཁ་བྲལ་བ་ཡིན་སྐོར་གྱི་སྐྱག་རྫུན་བརྒྱ་བཤད་ནས་བདེན་པ་སྤུ་ཙམ་ཐོབ་རྒྱུའི་རེ་བ་བྱེད་བཞིན་པ་ཞིག་ཡིན་པ་བརྗོད་བྱུང་།


གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎