ཨ་རིའི་ནང་དྲུག་བཞིར་དྲན་གསོ་དང་འབྲེལ་བོད་དོན་གླེང་སློང་གནང་འདུག

2019-06-04
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་(Ambassador Sam Brownback)་མཆོག 2019/6/3
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་(Ambassador Sam Brownback)་མཆོག 2019/6/3
RFA

རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༣༠་འཁོར་བར་ཨ་རིའི་ནང་ཕྱིར་དྲན་བགྲོ་གླེང་སྐབས་བོད་ནང་གི་ཆོས་དད་རང་དབང་སྐོར་ཡང་གླེང་འདུག
རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༣༠འཁོར་བའི་དྲན་གསོའི་བགྲོ་གླེང་ཞིག་ཨ་རིའི་རྒྱལ་སར་འཚོགས་པའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་་ཆེན་མོས་བོད་ནང་གི་ཆོས་དད་རང་དབང་སྐོར་སོགས་གླེང་འདུག
དེ་ཡང་ཟླ་འདིའི་ཚེས་༣ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་དུ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་འཕེལ་རྒྱས་ཁང་གིས་གོ་སྒྲིག་བྱས་པའི། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༣༠་འཁོར་བར་ཕྱིར་དྲན་གྱིས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་གདོང་ལེན་བྱེད་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་(Ambassador Sam Brownback)་མཆོག་གིས་རྒྱ་ནག་དང་བོད། ཞིན་ཅིང་བཅས་ཀྱི་ནང་ཆོས་དད་རང་དབང་ཐད་རྡོག་རོལ་གཏོང་དང་གཏོང་མུས་ཀྱི་གནས་སྟངས་ལ་འཛམ་གླིང་མི་དམངས་ནས་དོ་ཁུར་ཡོད་པ་གསུང་བ་དང་། དེ་བཞིན་བོད་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་རིགས་ལ་ཉན་མི་ཆོག་པ་དང་། སྐུ་པར་ཡང་བཤམ་མི་ཆོག་པར་དམ་དྲག་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཆོས་ཕྱོགས་ཀྱི་བླ་སྤྲུལ་དང་དབུ་ཁྲིད་ཡང་སྲིད་ངོས་འཛིན་ཐད་ཐེ་ཇུས་བྱེད་བཞིན་པ་མ་ཟད། ༡༩༩༥ལོར་དགུང་ལོ་དྲུག་ལ་སོན་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་གར་ཡོད་གནས་སྟངས་གསལ་རྟོགས་མེད་པ་སོགས་དཔེ་མཚོན་དུ་དྲངས་ནས་བོད་ནང་ཆོས་དད་རང་དབང་མེད་པའི་དཀའ་ངལ་ཐེར་འདོན་དང་འབྲེལ་བོད་མིས་ངོས་འཛིན་ཞུས་པའི་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་ཡོད།
ཡང་གོང་བརྗོད་བགྲོ་གླེང་ཚོགས་འདུ་དེར། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མཐོ་རིམ་ཚོགས་མི་པོ་རྦུའ་མེ་མིན་ཌིས་སི་ནས། རྒྱ་ནག་ནི་ད་ལྟ་ཨ་རིར་ཉེན་ཁ་ཆེ་ཤོས་ཆགས་པ་དང་། དེ་ཡང་དམག་དོན་དང་ཚོང་དོན། དཔལ་འབྱོར། ཕྱི་འབྲེལ་སྲིད་ཇུས། ལྟ་གྲུབ་བཅས་དོན་ཚན་བཞིས་སྒོ་ནས་ཉེན་ཁ་ཆགས་ཡོད་པ་དང་། རྒྱ་ནག་ནང་ད་ལྟ་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་ཤུགས་ཆེར་འགྲོ་བཞིན་པ། རྒྱ་ནག་དམར་པོའི་སྟོབས་ཤུགས་དེ་ཚོང་དོན་དང་འཕྲུལ་རིག་ལམ་་ནས་རྒྱ་བསྐྱེད་གཏོང་བཞིན་པ་སོགས་ལ་ཨ་རི་ཐེ་བའི་འཛམ་གླིང་གིས་དོགས་ཟོན་གནང་དགོས་བ་སོགས་ནན་གསུང་གནང་འདུག
ད་ལོར་ཨ་རིའི་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འཛམ་གླིང་གང་སར་དམངས་གཙོའི་ཕྱག་ལས་གནང་མཁན་གཟེངས་སུ་ཐོན་པའི་གྲས་ལ་ངོས་འཛིན་བྱས་པའི་རྒྱ་ནག་རོགས་སྐྱོར་ཚོགས་པའི་ པོ་ཞིས་ཆིག་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་བོ་ཀོན་ཨས་ས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལྷ་སྒྲོན་ལགས་བཅས་ནས་བགྲོ་གླེང་དེའི་ཐོག་གཏམ་བཤད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།